སྟོན་པའི་སྐུ་བརྙན་ལྷམ་དུ་བཀོད་པར་ངོ་རྒོལ།
2012.08.02
༄༅། །ཉེ་ཆར་ཨ་རིའི་ནུབ་བརྒྱུད་ཀ་ལི་ཕོ་ནི་ཡའི་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་ Icon ཞེས་པའི་བཟོ་གྲྭ་དེའི་ཚོང་ཟོག་ཁོངས་སུ་ལྷམ་གོག་གི་སྟེང་སྟོན་པའི་སྐུ་བརྙན་གྱི་འདྲ་གཟུགས་བཟོ་བཀོད་བྱས་ཡོད་པར་བརྟེན། བོད་མི་དང་འབྲུག་པའི་ནང་པ་ཚོས་ཚོང་དོན་ཚན་པ་དེའི་Facebook འམ་དྲ་གནས་ཀྱི་ངོ་དེབ་ནང་སྐྱོན་བརྗོད་ཀྱི་ཡི་གེ་མང་པོ་བཏང་ཡོད་པ་རེད། དཔེར་ན། གནད་དོན་འདིའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས། སྟོན་པའི་སྐུ་བརྙན་གྱི་འདྲ་གཟུགས་ལྷམ་ཁོག་སྟེང་བཀོད་པ་དེ་ནི་ནང་པ་ཚོར་གུས་བརྩི་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་དེ་དག་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་ནས། བཟོ་ལས་ཁང་དེའི་བྱ་སྤྱོད་དེ་ནི་ཧ་ཅང་མ་འོས་པ་དང་། ནང་པ་ཚོའི་འཚོར་བར་དོ་ཕོག་བཏང་བའི་བྱ་སྤྱོད་ཤིག་རེད། ཅེས་སོགས་གསུངས་ཡོད་པ་རེད།
དེ་བཞིན་ཚེ་དབང་རྒྱལ་མཚན་ཞེས་པས། བྱ་སྤྱོད་འདི་ནི་ནང་པ་ཚོའི་སེམས་ལ་དོ་ཕོག་ཆེན་པོ་བཏང་བ་ཞིག་རེད། དེ་འདྲ་སོང་ཙང་ཚོང་འགྲེམས་བྱེད་རྒྱུ་འཕྲལ་དུ་མཚམས་བཞག་དགོས་ཅེས་བྲིས་ཡོད་པ་རེད།
འོན་ཀྱང་ཚོང་ལས་ཚན་པ་དེའི་ངོ་དེབ་ནང་། བཟོ་གྲྭ་དེ་ནས་རྒྱུན་གཏན་ནས་ལག་རྩལ་རི་མོ་མཁན་དང་། བུད་མེད་ཀྱི་ལྷམ་དང་། སྟོད་ཕད་ལ་དགའ་མོས་བྱེད་མཁན་ཚོའི་རྣམ་དཔྱོད་ལ་རྒྱབ་སྐྱོར་མཚོན་ཆེད་རི་མོ་མཁན་དེ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐོར་བཀོད་པ་ལས་དམིགས་བསལ་སྟོན་པའི་སྐུ་བརྙན་གྱི་བཀོད་དབྱིབས་དེའི་ཐོག་འདི་བྱ་འདི་མིན་གྱི་འགྲེལ་བཤད་གང་ཡང་བརྒྱབས་མེད་པ་རེད།