བོད་སློབ་ཁག་བོད་མིའི་སྒྲིག་འཛུགས་ཀྱིས་ལེན་འཆར།
2012.07.10
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་དེ་རིང་ཕྱི་ཟླ་ ༧ ཚེས་ ༡༠ ཉིན་རྒྱ་གར་གཞུང་གིས་འཛིན་སྐྱོང་འོག་ཡོད་པའི་ Central School for Tibetans ནམ་ དབུས་བོད་མིའི་གཏན་འཇགས་དང་ཉིན་མོའི་སློབ་གྲྭ་ཁག་བཞུགས་སྒར་རྡ་རམ་ས་ལའི་དབུས་བོད་མིའི་སྒྲིག་འཛུགས་ནས་རྩིས་ལེན་གནང་ཕྱོགས་དང་འབྲེལ་བའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་གནང་འདུག་ཅིང་། དེའི་ནང་རྒྱ་གར་གཞུང་གིས་འཛིན་སྐྱོང་དང་མཐུན་འགྱུར་རོགས་རམ་གནང་བཞིན་པའི་བོད་ཕྲུག་ཚོའི་སློབ་གྲྭ་དེ་དག་རྩིས་བཞེས་གནང་དོན་གཙོ་བོ་ནི། ཤེས་ཡོན་གྱི་གནས་ཚད་དང༌། བདེ་དོན་གང་ཅིའི་ཐད་བལྟ་རྟོག་འཐུས་ཚང་ཡོང་ཐབས་ཆེད་ཡིན་པ་བཀོད་ཡོད་པ་དང༌། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སྔ་རྗེས་རྒྱ་གར་དབུས་གཞུང་དང་ལན་མང་བཀའ་བསྡུར་གནང་པའི་གྲུབ་འབྲས་ཤིག་ཡིན་པ་བཀོད་འདུག།
ལྷག་པར་དུ་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཀྱིས་བཀའ་ཁྲིའི་མཛད་འགན་བཞེས་རྗེས་རྒྱ་གར་གཞུང་གི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་དབུས་རྒྱ་གར་གྱི་མཐོ་རིམ་མི་སྣ་ཁག་དང་མཇལ་འཕྲད་དང་དེ་སྔོན་བཀའ་ཤག་ནས་བོད་སློབ་ཁག་བོད་མིས་རྩིས་ལེན་ཞུ་ཕྱོགས་དང་འབྲེལ་བའི་གནད་དོན་མཇུག་སྐྱོང་གནང་འདུག་ཅིང༌། རྒྱ་གར་གཞུང་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ལ་སློབ་གྲྭ་ཁག་རྩིས་ལེན་གནང་ཕྱོགས་དང་འབྲེལ་བའི་ཞིབ་ཕྲའི་འཆར་འབུལ་དགོས་ལུགས་བརྗོད་པ་ལྟར་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་ཞིབ་ཕྲའི་འཆར་གཞི་ཡིག་ཐོག་འབུལ་ལམ་ཡང་ཞུས་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
རྒྱ་གར་གཞུང་གིས་འཛིན་སྐྱོང་འོག་ཡོད་པའི་བོད་མིའི་སློབ་གྲྭ་དེ་དག་ནི་ ཕྱི་ལོ་ ༡༩༥༩ ལོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མི་འབུམ་ཕྲག་གཅིག་ཙམ་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྲུག་ཚོའི་ཤེས་ཡོན་དང་ དེ་ཡང་བོད་མིའི་སྐད་ཡིག་དང་རིག་གཞུང་མི་བརླག་ཆེད་སློབ་གྲྭ་ཟུར་འཛུགས་ཡོང་བའི་ཐུགས་རེ་བཏོན་གནང་མཛད་པ་བཞིན་ སྐབས་དེ་དུས་ཀྱི་རྒྱ་གར་གྱི་སྲིད་བློན་དམ་པ་ ཇ་ཝར་ལཱལ་ ནེཧ་རུ་མཆོག་གིས་ཐུགས་འཁུར་རྐང་བཞེས་ཀྱིས་བཙུགས་པ་ཞིག་ཡིན་པ་དང༌། དེའི་ཁོངས་སུ་ད་ལྟའི་སྐབས་འཛིན་རིམ་བཅིུས་ཡོད་པའི་སློབ་གྲྭ་ ༩ དང་ འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭ་ ༦ གཞི་རིམ་བར་མའི་སློབ་གྲྭ་ ༧ དང་ གཞི་རིམ་འོག་མའི་སློབ་གྲྭ་ ༧ སྔོན་འགྲོའི་སློབ་གྲྭ་ ༣༤ ཡོད་འདུག་ཅིང༌། དེ་དག་གི་ནང་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༧༥༥༥ ཙམ་ཡོད་འདུག།
སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལེན་རྗེས་དགེ་རྒན་དང་ལས་བྱེད་པའི་ཕོགས་ཐོབ་དང་དེ་མིན་གྱི་རྒན་ཕོགས་ལ་སོགས་པའི་ཐོབ་ཐང་ཁག་དོ་ཕོག་མེད་པར་རང་འཇགས་གནས་རྒྱུ་ཡིན་སྐོར་ཤེས་རིགས་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་གནས་ཚུལ་བཀོད་འདུག།