རྒྱ་ནག་གིས་ཡུ་གུར་མི་རིཊ་དགེ་རྒན་ཆེན་མོ་ཞིག་འཇུ་བཟུང་།
2014.01.16

རྒྱ་ནག་གིས་ཡུ་གུར་མི་རིགས་དགེ་རྒན་ཆེན་མོ་ཞིག་ལ་ཁྲིམས་ལུགས་དང་འགལ་ཚུལ་གྱིས་འཇུ་བཟུང་བྱས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཕྱི་ཚེས་༡༥ཉིན་པེ་ཅིན་མི་རིགས་སློབ་གྲྭའི་དགེ་རྒན་ཡུ་གུར་མི་རིགས་Ilham Tohti རྒྱ་ནག་ཉེན་རྟོག་པས་རང་ཁྱིམ་ནས་འཇུ་བཟུང་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱས་པའི་སྐབས་སུ་དབུས་མི་རིགས་སློབ་གྲའི་ཡུ་གུར་སློབ་ཕྲུག་བདུན་ཡང་ཉེན་རྟོག་པས་སློབ་ཕྲུག་གི་སྡོད་ཁང་ནས་འཇུ་བཟུང་བྱས་ཡོད་འདུག ཁོང་ཚོའི་རྩིས་འཁོར་དང་། ལག་འཁྱེར་ཁ་པར་སོགས་ཚང་མ་ཉེན་རྟོག་པས་སྔོག་བཤེར་བྱས་ནས་འཁྱེར་ཡོད་འདུག འཇུ་བཟུང་བྱས་པའི་སློབ་ཕྲུག་གི་ཁྲོད་ནས་བེུད་སློབ་ཕྲུག་གཉིས་འཇུ་བཟུང་བྱས་པའི་དགོང་མོ་དེར་གློད་བཀྲོལ་བཏང་ཡོད་པ་དང་། དེ་མིན་རྣམས་ད་དུང་ཡང་གར་ཡོད་ཤེས་རྟོགས་མེད་པ་རེད།
པེ་ཅིན་ནང་ཡོད་པའི་བོད་པའི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུང་བ་ལྟར་ན། གཟའ་འཁོར་གཅིག་ཙམ་གྱི་གོང་Tohti ཡིས་ཁོང་རང་འཛིན་བཟུང་བྱེད་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་གནང་བ་གསུང་འདུག དབུས་མི་རིགས་སློབ་གྲའི་ཡུ་གུར་གྱི་དགེ་རྒན་Ilham Tohti ནི་རྒྱུན་དུ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ནུས་མཁན་ཞིག་ཡིན་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཧུང་ལེ་ཡིས་གསར་འགོད་ལྷན་ཚོགས་ཐོག Ilham གྱིས་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་པར་དོགས་གཞི་ཡོད་པར་བརྟེན་ནས་འཇུ་བཟུང་བྱས་ལུགས་འགྲེལ་བརྗོད་བྱས་ཡོད་འདུག
གསར་འགོད་པ་འཆི་མེད།