ཉེས་མེད་ཉེས་བཙུགས་རེད་ཅེས་སྐྱོན་བརྗོད་གནང་འདུག
2013.02.05
དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་མཇུག་སྒྲིལ་གནང་བའི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས། ཀིརྟི་རིན་པོ་ཆེ་མཆོག་གིས། ཉེ་ཆར་རྒྱ་ནག་གཞུང་ནས་བོད་ནང་ཡོད་པའི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་དང་། བློ་བཟང་ཚེ་རིང་གཉིས་ལ་ཁྲིམས་ཆད་བཀལ་བ་དེ་ནི་གཞི་མེད་པའི་ཉེས་བཙུགས་ཤིག་ཡིན་ལུགས་དང་ཉེས་བཙུགས་བྱས་པའི་ནང་། ཁོང་གཉིས་ནས་རྒྱ་གར་ནང་ཡོད་པའི་དགོན་པའི་དགེ་འདུན་པ་ཚོར་བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་ལུགས་བཤད་ཀྱི་ཡོད་པ་དེ་ནི་བདེན་པ་རྩ་བ་ནས་མིན་ལུགས་དང་། དེ་བཞིན་ཁྲིམས་ཐག་བཅད་པའི་སྐབས་ཁོང་གཉིས་ཀྱི་སྤུན་ཉེ་སུ་གཅིག་ཀྱང་ཁྲིམས་ཁང་ནང་མེད་པ་དང་། དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་ནས་སྐབས་དེ་དུས་ཁྲིམས་ཁང་ནང་ཁྲིམས་བཤེར་སྐབས་མི་མང་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་དེ་དག་ཚང་མ་གཞུང་གི་ལས་བྱེད་པ་ཤ་སྟག་ཡིན་ལུགས་སོགས་གསུངས་བ་དང་། ཡང་རིན་པོ་ཆེ་མཆོག་གིས་མུ་མཐུད་ནས། ཁོང་ཚོས་ནག་ཉེས་ངོས་ལེན་བྱས་ཡོད་ལུགས་རྒྱ་ནག་གཞུང་ནས་འགྲེལ་བཤད་རྒྱབ་ཀྱི་ཡོད་པ་དེ་ནི་ཁོང་ཚོར་གནོན་ཤུགས་དང་། བཙན་ཤེད་བྱས་པ་ཞིག་ཡིན་པ་གསལ་པོ་རེད་ལ་ད་དུང་མུ་མཐུད་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོའི་ཐོག་གནོན་ཤུགས་སྤྲོད་པ་དང་། བཙན་ཤེད་བྱས་ནས་གང་ལྟར་བོད་མིའི་ཚེ་སྲོག་ལ་བརྩི་མེད་རྡོག་རོལ་གྱི་གང་བྱུང་འཛིན་བཟུང་དང་། ཁྲིམས་ཐག་གཅོད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྟབས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་དང་། དེ་བཞིན་ཁོང་ཚོ་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
བོད་ནང་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་དང། དེ་བཞིན་བོད་མི་གཞན་འགའ་ཤས་ནས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ཕྱི་ཕྱོགས་ལ་གནས་ཚུལ་བཏང་བ་དང་། ཡང་ན་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་རྩིས་བྱས་ཡོད་ལུགས་སོགས་ཀྱི་ཉེས་འཛུགས་བྱས་ནས་ལོ་བཅུ་དང་བཅུ་གཉིས་སོགས་ཚད་གཞི་འདྲ་མིན་གྱི་ཁྲིམས་ཆད་བཀལ་ཡོད་པ་རེད།