རྒྱ་ནག་གི་མཐོ་རིམ་དམག་དོན་དཔོན་རིགས་འཕོ་འགྱུར།
2012.10.23
རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་༡༨ པ་རིང་མིན་ཕྱི་ཟླ་བཅིུག་པའི་ཚེས་༨ ཉིན་ཚོགས་གཏན་འཁེལ་བ་ལྟར་། དེ་རིང་རྒྱ་ནག་གཞུང་གི་བརྙན་འཕྲིན་ཐོག་ལ་རྒྱ་ནག་གི་མཐོ་རིམ་དམག་དཔོན་ཁག་ཅིག་གི་ལས་གནས་འཕོ་འགྱུར་བཏང་བའི་གསལ་བསྒྲགས་བྱས་ཏེ་Ma Xiaotian ནི་གནམ་དམག་སྤྱི་ཁྱབ་གསར་པར་བསྐོ་བཞག་བྱས་པ་དང༌། Ma Xiaotian ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཕྱི་རྒྱལ་གྱི་དམག་དཔུང་དང་བཟུང་འབྲེལ་གྱི་དམག་རྩལ་སྦྱོང་བརྡར་བྱེད་སྒོའི་ནང་རྒྱུན་དུ་ཞུགས་མྱོང་མཁན་ཞིག་ཡིན་པ་རེད།
ད་དུང་བརྙན་འཕྲིན་ཐོག་Tian Xiusi གནམ་དམག་གི་ཆབ་སྲིད་སློབ་སྟོན་པ་དང༌། Zhu Fuxi རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་Chengdu ས་གནས་དམག་དོན་འགོ་ཁྲིད་དུ་བསྐོ་བཞག་བྱས་པ་སོགས་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་དང་བོད་ཀྱི་དམག་དོན་དཔོན་རིགས་གོ་གནས་འཕོ་འགྱུར་བྱས་པའི་སྐོར་རྒྱང་བསྲིང་བྱས་ཡོད་པ་རེད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གྲངས་འབོར་ས་ཡ་གཉིས་དང་གྲངས་ཆུང་གསུམ་གྱི་དམག་དོན་གྱི་སྟོབས་ཤུགས་ནི་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། དམག་དོན་སྟོབས་ཤུགས་དེ་ཡིས་ལོ་ལྔ་རེའི་ཐོག་ཚོགས་པའི་གུང་ཁྲན་ཏང་གི་ཚོགས་ཆེན་ནང་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ཞིག་ཡིན་པ་རེད། ཏང་གི་ཚོགས་ཆེན་༡༨ རིང་མིན་ཕྱི་ཟླ་བཅིུག་པའི་ཚེས་༨ ཉིན་འགོ་འཚུགས་་ཀྱི་ཡོད་པ་དང༌། དམག་དཔུང་གིས་ཚོགས་ཆེན་གྱི་འཐུས་མིའི་བསམ་ཚུལ་མི་འདྲ་བ་རྣམས་གཅིག་གྱུར་བཟོ་བ་དང༌། མཐོ་རིམ་དཔོན་རིགས་ཚོར་རྒྱལ་ནང་གི་དམག་དོན་གྱི་སྔོན་རྩིས་མང་དུ་གཏོང་དགོས་པའི་གནོན་ཤུགས་སྤྲོད་རྒྱུ། ཨ་རི་དང་ཉི་ཧོང༌སོགས་རྒྱ་ནག་གི་དགྲ་བོ་ཕྱི་རྒྱལ་ཁབ་ཁག་ལ་ཁ་གཏད་གདོང་ལེན་བྱེད་པའི་ལས་དོན་སྔར་བས་རྒྱུན་འཁྱོངས་བྱེད་དུ་བཅུག་རྒྱུ་སོགས་ཀྱི་ནུས་པ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།