ས་མཚམས་ཁུལ་དུ་བོད་མིར་སྔར་བས་དམ་དྲག

རྒྱ་ནག་གཞུང་གིས་ས་མཚམས་ཁུལ་གྱི་བོད་མི་ཚོའི་ཐོག་སྔར་བས་དམ་དྲག་བྱེད་ཀྱི་ཡོད་འདུག

2012.07.05

ཉེ་ཆར་ནས་བཟུང་བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་མ་ཟད་ངོ་རྒོལ་གྱི་ལས་འགུལ་ཡང་བསྟུད་མར་སྤེལ་གྱི་ཡོད་པར་བརྟེན་རྒྱ་ནག་གཞུང་ནས་བལ་བོད་ས་མཚམས་སུ་གནས་སྡོད་བོད་མི་ཚོའི་ཐོག་སྔར་ལས་ལྷག་པའི་དམ་བསྒྲཌ་དང་བསུན་བཙིར་བཟོ་གི་ཡོད་ལུགས་བཙན་བྱོལ་ནང་ཡོད་པའི་པ་སངས་སྒྲོལ་མ་ཞེས་པས་ས་གནས་ཁག་ལ་འབྲེལ་བ་བྱས་པའི་བརྒྱུད་རིམ་ནས་ཤེས་རྟོག་བྱུང་ཡོད་ལུགས་ཕ་ཡུལ་དྲ་གནས་སུ་འགྲེལ་བརྗོད་བྱས་ཡོད་འདུག
དེ་ཡང་ཁོ་མོས་མུ་མཐུད་ནས་ངོ་སྤྲོད་བྱས་པར་ལྟར་ན། ལོ་འདིའི་འགོ་སྟོད་ནས་བཟུང་རྒྱ་མིའི་དམག་མི་དང་། དམག་ཆས་མ་གྱོན་པའི་ཉེན་སྲུང་མི་སྣ་མང་པོ་ཞིག་ས་མཚམས་སུ་འགྲེམས་འཇོག་བྱས་ཡོད་པ་མ་ཟད་གྲོང་གསེབ་སོ་སོའི་ནང་གནས་ཚུལ་རྟོག་ཞིབ་བྱེད་མཁན་ཚོགས་ཆུང་བཙུགས་ནས་ས་མཚམས་སུ་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་ཡོད་མེད་གསང་མྱུལ་བྱེད་བཅུག་གི་ཡོད་འདུག དེ་དང་ཕྱོགས་མཚུངས་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་དོགས་གཞི་ཡོད་པའི་མི་སྣ་དེ་དག་གར་ཡོད་འཚོལ་ཞིབ་བྱས་པས་མ་ཟད་ཉེ་ཆར་བུ་སྤུན་གཉིས་རྩད་ཞིབ་ཐུབ་སྟེ་ཁོང་གཉིས་ལ་མེ་མདའ་རྒྱབ་ནས་དམར་བསད་བཏང་བ་དང་ཁོང་གཉིས་ཀྱི་ཨ་མ་ལའང་ལག་པའི་སྟེང་མེ་མདའ་ཕོག་ནས་མཐའ་མ་ལག་པ་བཅད་དགོས་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག ཡང་ལོ་འདིའི་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་དགུ་ཉིན་མགོན་པོ་རིག་འཛིན་ཟེར་བ་ལོ་ན་ཉི་ཤུ་རྩ་ལྔ་སོན་པའི་གཞོན་སྐྱེས་ཤིག་ནས་ཁམས་བྲག་སྒོ་ཁུལ་སྒེར་ལངས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་པར་བརྟེན་སོ་ལྟའི་བརྙན་པར་ནང་ནས་ངོ་འཕྲོད་བྱུང་བར་བརྟེན་ཁོ་པ་འཛིན་བཟུང་བྱེད་པར་སླེབས་པའི་སྐབས་རང་གིས་རང་ལ་གྲི་རྒྱབ་ནས་འདས་གྲོངས་གྱུར་ཡོད་འདུག་ ཁོ་པས་དེ་སྔོན་ནས་གལ་སྲིད་རྒྱ་མིས་འཛིན་བཟུང་བྱེད་པར་སླེབས་པ་ཡིན་ན་རྒྱ་མིའི་ལག་པ་ནས་འཛིན་བཟུང་གིས་མནར་གཅོད་མྱོང་བ་ལས་རང་ཉིད་ཀྱི་ཚེ་སྲོག་བཅད་ནས་ཤི་ན་དགའ་ཞེས་བཤད་ཡོད་པ་གང་ལྟར་རྒྱ་ནག་གཞུང་ནས་ས་མཚམས་སུ་བོད་མིར་དམ་བསྒྲཌ་བྱེད་ཤུགས་ཆེ་རུ་བཏང་བས་མ་ཟད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚོར་ཡང་སྡུག་སྦྱོང་ཚད་མེད་གཏོང་གི་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎