རྒྱ་ནག་གི་ཆོས་དཔོན་གློ་བུར་གར་སོང་ཆ་མེད་གྱུར་བ།
2012.07.10
ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། ཧྲང་ཧད་དུ་ཡོད་པའི་ཡེ་ཤུའི་ཡན་ལག་ཆོས་ཁང་གི་ཆོས་དཔོན་གཞོན་པ་དང༌། རྒྱ་ནག་རྒྱལ་ཡོངས་ཡེ་ཤུའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་ Thaddeus Ma Daqin གིས་རེས་གཟའ་སྤེན་པའི་ཉིན་སྡོམ་བརྒྱུད་ཀྱི་ཆོ་ག་བྱེད་པའི་སྐབས། མི་དམངས་ཆིག་སྟོང་འདུ་འཛོམས་བྱས་པའི་ཐོག་ཁོང་གིས། རྒྱ་ནག་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་གསུང་ཡོད་ཅིང༌། ཁོང་ནི་རྒྱ་ནག་སྐམ་སར་གནས་པའི་ཡེ་ཤུའི་ཆོས་དཔོན་ནས་རྒྱ་ནག་གཞུང་གིས་བཀའ་བཀོད་འོག་ཏུ་ཡོད་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཚོགས་མི་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་གསུང་མཁན་ཐེངས་དང་པོ་ཡིན་པ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་འཕྲལ་དུ་ཁོང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་ལས་དོན་ཡོངས་རྫོགས་བཀག་འགོག་བྱས་པ་དང༌། རེས་གཟའ་ཉི་མའི་ཉིན་ཁོང་ཆོས་དཔོན་གསར་པའི་མཚན་ཐོག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་ཕེབས་དགོས་ཀྱི་ཡོད་ཀྱང་ཕེབས་མེད་པར་བརྟེན། གྲོང་ཁྱེར་ཧྲང་ཧད་ནང་གི་ཡེ་ཤུའི་ཆོས་དད་པ་ཚོས་ཁོང་གི་བདེ་འཇགས་ཀྱི་ཐོག་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།