༧གོང་ས་མཆོག་ཨ་མི་རི་ཀར་ཆིབས་བསྒྱུར་གནང་འཆར།
2012.07.10
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་ཨ་རིའི་མངའ་སྡེ་Virginiaའི་ས་གནས་Charlotesville དུ་ཆིབས་བསྒྱུར་གྱིས་ས་གནས་དེའི་ཚོགས་ཁང་ཆེན་མོའི་ནང་སྨན་གྱི་ཚོགས་འདུའི་ཐོག་དབུ་ཞུགས་ཀྱིས་གསུང་བཤད་དང་མི་དམངས་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དེའི་ནང་ཆིབས་བསྒྱུར་གྱི་གདན་ཞུའི་གྲ་སྒྲིག་གནང་མཁན་གྲས་ཡིན་པ། ས་གནས་དེའི་ནང་དུ་ཡོད་པའི་སྐད་གྲགས་ལྡན་པའི་Virginia མཐོ་རིམ་སློབ་གྲའི་བོད་དང་ནང་ཆོས་ཞིབ་འཇུག་གནང་མཁན་Jeffrey Hopkins ཡིས་གསར་འགོད་པར་གསུང་དོན་ལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་པའི་ཚེས་༡༡ ཉིན་མཛད་འཆར་དངོས་གཞི་དབུ་འཛུཌ་གནང་རྒྱུ་ཡིན་པ་དང༌། ༧གོང་ས་མཆོག་ས་ཁུལ་དེའི་ནང་དུ་ཆིབས་བསྒྱུར་གྱི་མཛད་འཆར་གཙོ་བོ་ནི། འཛམ་གླིང་སྤྱི་ཡོངས་སུ་ཕན་པའི་བྱམས་བརྩེ་བསྐྲུན་ཐབས་ཆེད་དུ་ཡིན་ཞིང༌། ༧གོང་ས་མཆོག་གིས་ད་བར་དུ་འཛམ་གླིང་དེའི་ནང་ཆོས་ལུགས་ཁས་ལེན་མཁན་དང་མ་ལེན་མཁན། དེ་བཞིན་ནང་པ་ཡིན་མིན་ལ་མ་ལྟོས་པར་འགྲོ་བ་མི་སྤྱི་ཡོངས་ཀྱི་སེམས་བརྒྱུད་དུ་བྱམས་དང་སྙིང་རྗེ་འཕེལ་ཐབས་ཐད་སྐུ་ལས་སྐྱོན་གནང་ཡོད་པ་དང༌། ད་རེས་ཀྱང་འདི་གར་ཆིབས་བསྒྱུར་གྱིས་བྱམས་བརྩེའི་ཐོག་བཀའ་སློབ་སྕལ་རྒྱུ་ཡིན་པ་གསུང་ཡོད་པ་་རེད། སྐུ་ཞབས་Hopkins ནི་༧གོང་ས་མཆོག་ཐོག་མར་༡༩༧༢ ལོར་མཇལ་ཡོད་པ་དང། ༧གོང་ས་མཆོག་གི་གསུང་སྒྱུར་ཡང་གནང་མྱོང་ཡོད་ཅིང༌། དེ་སྔ་༡༩༧༩ དང་༡༩༩༨ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Virginia་མཐོ་རིམ་སློབ་གྲྭར་ཆིབས་བསྒྱུར་བསྐྱང་བའི་སྐབས་གོ་སྒྲིག་གནང་རྒྱུར་ཕྱག་རོགས་གནང་མྱོང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Charlottesville གནམ་ཐང་དུ་ཕྱི་ཟླ་བཅུ་པའི་ཚེས་༡༡ ཉིན་སྔ་དྲོའི་ཕྱག་ཚོད་༩ པའི་ཐོག་ཞབས་སོར་འཁོད་རྒྱུ་དང༌། ཕྱག་ཚོད་༡༠ ནས་༡༡ དང་ཕྱེད་ཀ་བར་སྨན་གྱི་ལྷན་ཚོགས་ཐོག་གསུང་བཤད་དང༌། དེ་རྗེས་ཕྱག་ཚོད་༡ དང་ཕྱེད་ཀ་ནས་གསུམ་པ་བར་མི་དམངས་ལ་བཀའ་སློབ་སྕལ་རྒྱུ་ཡིན་ཞིང༌། མཛད་འཆར་དེ་གཉིས་ཀར་མི་དམངས་ཚོ་མཉམ་ཞུགས་གནང་ཆོག་གི་ཡོད་པ་རེད།