༧གོང་ས་མཆོག་གིས་མ་སུ་རི་གཙོས་སློབ་གྲ་ཁག་ལ་བཀའ་སློབ།

ཉིན་འདི་གར་༧གོང་ས་མཆོག་ལྡེ་ར་ལྡུན་མངའ་ཁུལ་གྱི་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭའི་མི་ལོ་༥༠་མཛད་སྒོ་དང་། ཁུལ་དེའི་སློབ་གྲྭ་གཞན་ཁག་ལ་ཕེབས་ནས་གལ་ཆེའི་བཀའ་སློབ་གནང་འདུག།

2012.09.17

གནས་ཚུལ་ལྟར། ཟླ་ ༩ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་མཆོག་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོའི་ཐོག་ཕེབས་པ་དང་།

མ་སུ་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེས་ལས་སྡོམ་སྙིང་བསྡུས་སྙན་སྒྲོན་ཞུས་པའི་ནང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་༸གོང་ས་མཆོག་གིས་མ་འོངས་སྔོན་གཟིགས་ཀྱི་བཀའ་དགོངས་བཞིན་ཕྲེང་རིང་ལྷ་སྐུ་ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ ༡༩༦༢ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན་ཐོག་མར་ཁྱིམ་ཚང་གསུམ་ནང་དྭ་ཕྲུག་ཉམ་ཐག་གྲངས་ ༧༥ ཡོད་པ་འགོ་འཛུགས་ཆེད་སྨན་འགྲོ་གྲོན་ཡོངས་རྫོགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གསོལ་སྩལ་ཐོག་བོད་ཕྲུག་ཁྱིམ་སྡེ་འདི་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༢༣ ཉིན་ཁྱིམ་ཚང་བརྒྱད་ཡོད་པ་གཞུང་འབྲེལ་ཐོག་ངོས་ལེན་ཐོབ་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་ཆེ་བ་བསྐྱངས་ཡོད། དེ་ནས་ད་བར་མི་ལོ་ལྔ་བཅུའི་རིང་ཕྱི་ནང་གི་ཡར་རྒྱས་ཕྱིན་ཡོད་ལ་སློབ་ཕྲུག་བརྒྱ་ཕྲག་མང་པོར་སློབ་གསོའི་མཐུན་རྐྱེན་སྦྱར་ཏེ་འདབ་ཤོག་གཉིས་ལྡན་གྱི་རང་རེའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་མཁན་བྱུང་བ་ངོ་སྤྲོད་བྱས།

དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། ང་ཚོ་མ་སུ་རིར་ཐོག་མ་འབྱོར་རྗེས་སྐབས་དེའི་ཛ་དྲག་གི་ལས་ཀ་དེ་ང་ཚོ་མ་སུ་རིར་འབྱོར་མ་འབྱོར་ནས་བོད་མི་ཁྲི་ཕྲག་ཁ་ཤས་ཤིག་དམར་འགོ་ལ་བརྒྱུད་དེ་མོན་ལ་ཡོང་རྒྱུའི་ཧ་ཅང་ཛ་དྲག་ཅིག་ཆགས་པ་རེད། དེའི་ནང་ནད་པ་དང་རྨས་མ་དེ་འདྲ་ཡང་ཡོད། སྐབས་དེར་རྒྱལ་སྤྱིའི་ཚོགས་པ་དེ་འདྲས་རོགས་རམ་ཡག་པོ་བྱས་ཡོད། ཨ་རིའི་ཛ་དྲག་ཚོགས་པ་ཞིག་བཙུགས་ཏེ་དེའི་ཐོག་ནས་རོགས་རམ་བྱས་ཡོད་ལ་གཙོ་ཆེ་ཤོས་རྒྱ་གར་གཞུང་ནས་རོགས་རམ་ཧ་ཅང་མང་པོ་བྱས་ཡོད། འོན་ཀྱང་མེ་ས་མ་རིའི་ས་ཆ་དེ་ཟླ་བ་བཞི་པ་ལྔ་པ་ཟེར་དུས་ཚ་བ་ལང་བའི་དུས་དེ་ཁེལ་ཡོད་པར་སོང། བོད་པ་ཚོ་ཧོབ་སྟེ་ས་གནས་དེར་འབྱོར་སྟབས་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཡོད། སྔོན་ལ་ཛ་དྲག་གི་གནས་ཚུལ་ཐོག་ནས་དེ་དག་ས་བསིལ་སར་འགྲོ་རྒྱུ་ཞིག་བྱུང་ན་ཞེས་དང་།

དེར་ཕྱིན་རྗེས་ཟས་གོས་ནར་གཏོང་བྱེད་མཁན་ནི་ཁག་པོ་ཡིན་པར་བརྟེན། ལས་ཀ་ཞིག་འཚོལ་དགོས་ཀྱང་ལས་ཀ་གཞན་རག་རྒྱུ་མེད་སྟབས་མང་ཆེ་བ་ལམ་བཟོ་བྱེད་པར་སོང་བ་རེད། ཅེས་སྔོན་ལ་ཛ་དྲག་གི་ལས་ཀ་དེ་དག་མཇུག་བསྒྲིལ་རྗེས་ཕྲན་བུ་ལྷིང་འཇགས་ཡོང་སྐབས། ང་ཚོས་སློབ་གྲྭ་གལ་ཆེན་པོ་རེད་སློབ་གྲྭ་བཙུགས་དགོས་ཀྱི་འདུག་ཅེས་དང་། ཐོག་མར་སློབ་ཕྲུག་ལྔ་བཅུ་བྱས་ཏེ་སློབ་གྲྭའི་རྟེན་གཞི་དེ་མ་སུ་རིར་བཙུགས་པ་འདི་སློབ་གྲྭ་རྙིང་ཤོས་ཆགས་ཡོད། དེ་ནས་པོ་ལན་ཡུལ་ནས་ཡིན་པ་ངོ་ཤེས་པོ་ལན་སྤོ་ལགས་ཞུ་བ་དེས་བོད་ཁྱིམ་བཙུགས་དགོས་པའི་དགོངས་འཆར་གནང་བ་བཞིན། ང་ཚོས་མ་སུ་རིར་ཁྱིམ་ཚང་བཙུགས་པ་རེད། ཅེས་སོགས་གསུངས།

RFA
RFA

དེ་བཞིན་ཚེས་༡༦ ཉིན་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་སུ་རིར་རྟེན་གཞི་བྱས་པའི་ཨ་རིའི་Woodstock སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་སྩལ་བའི་སྐབས། ངོས་ཀྱིས་རྒྱུན་ལྡན་ལྟར་ཁྱེད་རྣམས་ལ་ཆོས་གྲོགས་ཕོ་མོ་ཚོ་ཞེས་འབོད་ནས་འཚམས་འདྲི་བྱེད་དགོས་པའི་རྒྱུ་མཚན་ནི་ང་ཚོས་ཡང་ཡང་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཤིག་ཡིན་པ་དེར་སྣང་མེད་བཏང་ནས་བརྗེད་ཀྱི་ཡོག་རེད། མཚམས་རེ་ཕན་ཚུན་མི་འདྲ་བ་ཕྲན་བུ་ཡོད། དཔེར་ན། རིགས་རུས་དང། ཆོས་ལུགས། རྒྱལ་ཁབ གོ་གནས་སོགས་ལ་གཙིགས་ཆེན་པོར་འཛིན་ནས། དེ་ལྟར་བྱས་པའི་རྐྱེན་གྱིས་དམག་འཁྲུག་དང་འཁོན་རྩོད་སོགས་ཀྱི་རྒྱུ་རྐྱེན་བྱས་ཏེ་ང་ཚོ་དང་ཁོང་ཚོ་ཞེས་ཕན་ཚུན་དབར་དབྱེ་འབྱེད་ཀྱི་ས་མཚམས་ཤིག་རང་བཞིན་གྱིས་ཡོང་གི་ཡོད། གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ལམ་ལུགས་ལྟར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སློབ་གྲྭ་འདིའི་ནང་དུ་ཆ་བཞག་ནའང་། རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པའི་ལྟ་ཚུལ་ཞིག་ང་ཚོས་འཛིན་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ཁོར་ཡུག་གནད་དོན་ཐོག་ལའང་ལྟ་ཚུལ་དེ་བཟུང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན། ཁོར་ཡུག་གི་གནད་དོན་དེ་རྒྱལ་མཚམས་དང་མི་རིགས་ཀྱི་དབྱེ་བ་གང་ཡང་མེད་པའི་ཐོག་ནས་ང་ཚོ་ཚང་མའི་བདེ་དོན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་ཅེས་བཀའ་སློབ་སྩལ། ཡང་༧གོང་ས་མཆོག་གིས་བཀའ་གནང་བའི་ནང༌།  ང་ཚོ་ཚང་མ་མའི་བྱམས་བརྩེའི་འོག་འཚར་ལོངས་བྱུང་བར་བརྟེན། གཞན་ལ་བྱམས་བརྩེའི་རྣམ་འགྱུར་སྟོན་ཡག་དེ་རང་བཞིན་ལྷན་སྐྱེས་ཡིན་སྟབས་ཚང་མས་དེ་མཚུངས་གལ་ཆེན་པོར་བརྩི་སྟེ་འབད་བརྩོན་གང་ཡོད་བྱེད་དགོས། ཕྱི་དངོས་པོའི་མཐུན་རྐྱེན་འཛོམས་ཀྱང་སེམས་མ་སྐྱིད་པ་བྱས་ནས་སྡོད་མཁན་འབྱོར་ལྡན་མང་པོ་མཐོང་རྒྱུ་ཡོད།

དེའི་རྒྱུ་རྐྱེན་གཙོ་བོ་རང་གཅེས་འཛིན་གྱི་བསམ་བློ་ལས་བྱུང་བ་དང༌། བསམ་བློ་དེ་ཤུགས་ཆེན་པོ་ཆགས་སྐབས་མི་གཞན་ལ་དོགས་པ་བྱེད་ཡག་དང། གཞན་ལ་སྡང་སེམས་དང་ཁོང་ཁྲོ་སོགས་ཡོང་གི་ཡོད་པར་བརྟེན། ཉོན་མོངས་དེ་དག་གིས་རང་ཉིད་ཀྱི་ལུས་ཀྱི་ཟུངས་ཤུགས་ཀྱང་ཉམས་ཉེས་སུ་གཏོང་བཞིན་ཡོད་པ་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་གསལ་བཤད་ཐུབ་ཡོད་སྐོར་གསུངས། ད་དུང་ཚེས་ ༡༥ ཉིན་ཁུལ་དེའི་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭར་༸ཞབས་སོར་འཁོད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་འདིར་ཁྱུག་ཙམ་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལྷག་པར་སློབ་སྤྱིས་ལས་བསྡོམས་འདི་ཕྱོགས་གཅིག་ནས་ཡི་གེ་ཀློག་པ་ལྟ་བུ་མིན་པར། རང་ཉིད་དངོས་སུ་ལས་དོན་ཁག་ལ་བཞུགས་ཏེ་ལས་ཀ་བྱས་པར་སོང་། རྒྱུས་ཆ་ཚང་ཡོད་པའི་ཐོག་ནས་ལས་བསྡོམས་བཤད་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། གལ་ཆེ་བར་ང་ཚོས་མི་ཚེ་སྐྱེལ་རྒྱུར་ཁོར་ཡུག་དང་འབྲེལ་བ་ཡོད། སྤྱི་ཚོགས་སུ་ཞབས་འདེགས་བསྒྲུབ་རྒྱུ་ནི་ལས་ཁུངས་ནང་བསྡད་དེ་ཡི་གེ་བྲིས་པ་གཅིག་པུ་མིན་པར། སོ་སོ་རང་ཉིད་ཀྱིས་ལག་པ་བེད་སྤྱོད་བྱས་ཏེ་སྒེར་དང་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་རྒྱུ་ནི་གལ་ཆེན་པོ་ཡིན་ཅེས་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎