ཆབ་སྲིད་ཀྱི་བརྡ་ལན་བསྲེས་མ་སྤྲོད་མི་འོས།

གྲོས་ཚོགས་སྐབས་༡༥པའི་ཚོགས་དུས་བཞི་པ་མཇུག་སྒྲིལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་བསྲེས་མ་སྤྲོད་མི་འོས་བ་ཚོགས་གཙོས་གསུངས་འདུག།

2012.09.24

ཟླ་བ་འདིའི་ཚེས་༡༤ནས་༢༢བར་ཚོགས་གནང་བའི་བོད་མི་མང་སྤྱི་འཐུས་ཚོགས་ཆེན་གྱི་ཉིན་མཐའ་མར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ རྒྱ་ནག་ནང་གི་ད་ལྟའི་ཆབ་སྲིད་ཀྱི་དཀའ་རྙོག་དང་སྤྱི་ཚོགས་བརྟན་ལྷིང་མེད་པའི་གནས་སྟངས་སྐོར་གསུང་གླེང་གནང་བའི་ནང༌། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ལ་ཞིབ་མོར་ལྟ་ཞིབ་བྱེད་བཞིན་པའི་སྐབས་འདིར་རྡ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་ངོས་ནས་ཆབ་སྲིད་ཀྱི་བརྡ་ལན་བསྲེས་མ་བཏང་ན་འགྲིག་རྒྱུ་མིན་སྐོར་གསུངས་ཏེ། ཚང་མས་རྡོག་རྩ་གཅིག་སྒྲིལ་བྱེད་ཡག་དེ་ཧ་ཅང་གལ་ཆེ་ཡིན་པ་དང༌། རྒྱ་ནག་གི་འགོ་ཁྲིད་དང་མི་མང་ཚོར་ བོད་མི་ཡོངས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་གླེང་བྱེད་ཀྱི་ཡོད་པ་ལས་རང་བཙན་གྱི་དགོས་འདུན་སྟོན་གྱི་མེད་པའི་བརྡ་ལན་གསལ་པོ་སྤྲོད་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཞི་པ་དེ་ཉིན་གྲངས་བརྒྱད་རིང་ཚུགས་གནང་ཡོད་པ་དང༌། ལྷན་ཚོགས་སར་བཀའ་ཤག་གི་ལས་དོན་ལ་བསྐྱར་ཞིབ་དང༌། བཀའ་བློན་ཁྲི་པར་ སྲིད་སྐྱོང་ཞེས་མཚན་འབོད་ཞུ་རྒྱུའི་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ལ་བསྐྱར་བཅོས་སོགས་གནང་ཡོད་ཅིང༌། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་

བཀའ་བློན་ཁྲི་པར་ད་ནས་བཟུང་སྲིད་སྐྱོང་ཞེས་ཞུ་རྒྱུའི་གྲོས་འཆར་ལ་གྲོས་ཚོགས་ནས་སྤྱི་མོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང༌སྦྲགས། ཚོགས་གཙོ་མཆོག་གིས་ སྲིད་སྐྱོང་ཞེས་པའི་མཚན་གནས་དེ་ནི་བོད་ཀྱི་སྔར་སྲོལ་གཞུང་སྲིད་འཛིན་སྐྱོང་གི་ལམ་ལུགས་མུ་མཐུད་རྒྱུན་འཛིན་ཐུབ་པ་དང༌ཆབས་ཅིག་ མང་གཙོའི་ལམ་ནས་འོས་འདེམས་ཞུས་པའི་དབུ་ཁྲིད་དེ་བཞིན་ཁྲིམས་མཐུན་ཡིན་པ་གཉིས་ཀའི་དགེ་མཚན་ལྡན་པ་ཞིག་ཡིན་སྐོར་གསུངས་བཞག།

རེས་གཟའ་སྤེན་པའི་ཉིན་མཇུག་སྒྲིལ་གནང་བའི་སྤྱི་འཐུས་སྐབས་༡༥པའི་ཚོགས་དུས་བཞི་པ་དེའི་ཐོག བོད་ནང་གི་གཞིས་ལུས་བོད་མི་ཚོས་བོད་དོན་ཆེད་སྐུ་ལུས་མེར་བསྲེག་བཏང་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་ཁོང་རྣམ་པའི་ཆེད་གསོལ་འདེབས་སྨོན་ལམ་ཞུ་རྒྱུའི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་པ་དང༌། ཕྱི་ཚེས་༢༥ནས་༢༨བར་དམིགས་བསལ་ཚོགས་ཆེན་འདུ་སྐོང་གནང་ཟིན་པའི་རྗེས་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་ནང་རང་སྲོག་བློས་གཏོང་གནང་མཁན་ཚོའི་ཆེད་དམིགས་བསལ་གསོལ་འདེབས་སྨོན་ལམ་གྱི་འདུ་ཚོགས་ཤིག་གོ་སྒྲིག་གནང་འཆར་ཡོད་སྐོར་ཡང་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎