རྒྱ་ནག་གིས་ཡོ་རོབ་ཀྱི་སྐྱོན་བརྗོད་ལ་དགག་ལན།
2013.01.23
དེ་ཡང་ཡོ་རོབ་ཆིག་སྒྲིལ་ལྷན་ཚོགས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་Wu Hailong གིས་ཉེ་བའི་ནང་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་མང་པོ་བྱུང་བ་ཚོར་རྒྱ་ནག་གིས་སེམས་སྡུག་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་ཞོར་ཡོ་རོབ་ཆིག་སྒྲིལ་ལྷན་ཚོགས་ནས་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་སྐྱོན་བརྗོད་གནང་ཡོད་པ་དང་།
༢༠༠༩ལོ་ནས་བཟུང་བོད་ནང་བོད་མི་བརྒྱ་ཕྲག་ཅིག་མ་ཟིན་ཙམ་གྱིས་བོད་དོན་ཆེད་རང་ལུས་མེ་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པར་བརྟེན། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ནས་རྒྱ་ནག་གིས་བོད་ཐོག་དམ་དྲག་ཆེ་བའི་སྲིད་བྱུས་དང་། དབང་ཆ་གཅིག་བསྡུས་ཀྱི་རྒྱ་ནག་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་གནང་བཞིན་ཡོད་པ་རེད།
དེའི་ཐད་ཡོ་རོབ་ཆིག་སྒྲིལ་ལྷན་ཚོགས་སུ་རྒྱ་ནག་གི་གཞུང་ཚབ་ཆེན་མོ་Wu Hailongལ་བཅར་འདྲི་བྱས་སྐབས། Hailong གིས་མིའི་སྲོག་ནི་ཧ་ཅང་རྩ་ཆེ་ཡིན་པ་དང༌།རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་གྱི་ཚེ་སྲོག་གལ་ཆེན་པོར་རྩིས་ནས། རང་ལུས་མེར་བསྲེགས་གཏོང་རྒྱུ་མཚམས་འཇོག་ཡོང་ཐབས་ཀྱི་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད་ཅེས་དང་། ཡང་ཁོང་གིས་ཚེ་སྲོག་ཤོར་མཁན་ཚོས་མཐའ་ཞེན་གྱི་ལམ་ལ་འཇུག་ནས་རང་སྲོག་རང་གིས་བཅད་དེ། རང་གི་ཕ་མ་དང་གྲོགས་པོ་ཚོར་དཀའ་སྡུག་ཚད་མེད་བཟོས་ཡོད་སྟབས། ང་ཚོས་ཚེ་སྲོག་ཤོར་མཁན་དང་ཁོང་ཚོའི་རྗེས་ཤུལ་ནང་མི་ཚོར་མྱ་ངན་དང་སེམས་སྡུག་ཆེན་པོ་བྱེད་བཞིན་ཡོད་། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་རྒྱབ་ལ་གསང་བའི་ཐོག་ནས་འཆར་འགོད་དང་། རྒྱུད་སྐུལ་བྱེད་མཁན་ཕྱིའི་རྒྱལ་ཁབ་ནང་གི་ཚོགས་སྡེ་ཡོད་པར་དོགས་པ་ཡོད་ཅེས་བརྗོད་དེ། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་མ་ཐག། ཏཱ་ལའི་ཕྱོགས་ཁག་གིས་གསར་ལམ་ཁག་ལ་བརྙན་པར་དང་། གནས་ཚུལ་ཞིབ་ཕྲ་འཕྲལ་དུ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང༌། ལམ་སེང་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་ལུགས་ཐོག་དམ་དྲག་བྱེད་ཀྱི་ཡོད་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་འབྲེལ། བོད་དོན་ཐོག་རྒྱལ་སྤྱིིའི་ཡུལ་ཁག་ཚོར་ཐེ་གཏོགས་གནང་དགོས་པའི་རེ་སྐུལ་ཞུ་གི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
དེར་བརྟེན་ཡོ་རོབ་ཆིག་སྒྲིལ་ལྷན་ཚོགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་བྱ་རྒྱུའི་ཚབ་ལ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་འོས་འཚམས་མིན་སྐོར་བརྗོད་དེ། དེ་ལྟ་བུས་བརྡ་ལན་ནོར་བ་གཏོང་རྒྱུའི་ཉེན་ཁ་ཡོད་སྐོར་ཡང་བཤད་འདུག