མ་ཡན་མར་ཡུལ་གྱིས་མང་གཙོའི་ལམ་ནས་སྲིད་འཛིན་གསར་འདེམས།


2016.03.15
གསར་དུ་འདེམས་ཐོན་བྱུང་བའི་མ་ཡན་མར་གྱི་སྲིད་འཛིན་Htin Kyawམཆོག། ༢༠༡༦།༣།༡༥ གསར་དུ་འདེམས་ཐོན་བྱུང་བའི་མ་ཡན་མར་གྱི་སྲིད་འཛིན་Htin Kyawམཆོག། ༢༠༡༦།༣།༡༥
AFP

དེ་ཡང་འདི་ཚེས་༡༥ཉིན། མ་ཡན་མར་(Myanmar)གྱི་གྲོས་ཚོགས་ནས་ལྕམ་ཨང་སན་སུ་ཅེ་མཆོག་དང་ཧ་ཅང་ཐུགས་ཐག་ཉེ་པོ་ཡོད་པའི་རྒྱུན་རིང་གི་གྲོགས་པོ་Htin Kyawཞུ་བ་མ་ཡན་མར་གྱི་སྲིད་འཛིན་དུ་འོས་འདེམས་གནང་འདུག
ཁོང་ནི་མི་ལོ་བཅུ་ཕྲག་མང་པོའི་རྗེས་སུ་མི་མང་གིས་འོས་འདེམས་བྱས་པའི་ཞི་བའི་སྲིད་གཞུང་གི་སྲིད་འཛིན་དང་པོ་དེ་རེད། ད་སྔའི་དྲག་པོའི་སྲིད་གཞུང་གིས་གཏན་འབེབས་བྱས་པའི་མ་ཡན་མར་(Myanmar)གྱི་རྩ་ཁྲིམས་གཞིར་བཟུང་བྱས་ན། ལྕམ་ཨང་སན་སུ་ཅེ་མཆོག་སྲིད་འཛིན་གནང་རྒྱུར་འོས་ཆོས་གཙང་གི་མེད་སྟབས་སྐུ་ཞབས་Htin Kyawམཆོག་གིས་ཁོང་གི་སྐུ་ཚབ་ལྟ་བུ་གནང་ནས་སྲིད་འཛིན་གྱི་ལས་འཁུར་གནང་རྒྱུ་ཡིན་པ་རེད།
མ་ཡན་མར་གྱི་གྲོས་ཚོགས་ཀྱི་འཐུས་མིས་འོས་ཤོག་གྲངས་༦༥༢ བླུགས་པའི་ཁོངས་ནས་འོས་ཤོག་གྲངས་༣༦༠སྐུ་ཞབས་Htin Kyawམཆོག་ལ་ཐོབ་ཡོད་པ་རེད།
མ་ཡན་མར་ནི་མི་ལོ་བཅུ་ཕྲག་མང་པོའི་རིང་དྲག་པོའི་དམག་མིའི་དྲག་གནོན་འོག་སྡོད་དགོས་བྱུང་རྗེས་ད་ཆ་མང་གཙོའི་མངོན་འདོད་ཕྱོགས་སུ་གོམ་བགྲོས་མྱུར་པོའི་ངང་སྤོས་བཞིན་པ་རེད།
སྔ་ལོའི་ཕྱི་ཟླ་༡༡པའི་ནང་། རྒྱལ་ཡོངས་འོས་བསྡུ་གནང་བར་ལྕམ་ཨང་སན་སུ་ཅེ་མཆོག་གིས་དབུ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཏེ། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཁོང་གི་ཆབ་སྲིད་ཚོགས་པའི་འཐུས་མི་གྲངས་མང་ཆགས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ལའང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་དེའི་ནང་དམག་མིའི་ནུས་སྟོབས་ཆེ་བའི་རྐྱེན་གྱིས་རྩ་ཁྲིམས་ལ་འགྱུར་བ་བཏང་མ་ཐུབ་པའི་རྐྱེན་གྱིས་ལྕམ་ཨང་སན་སུ་ཅེ་མཆོག་སྲིད་འཛིན་གནང་རྒྱུར་འགོག་རྐྱེན་འཕྲད་ཀྱི་ཡོད་པ་རེད། མ་ཡན་མར་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བ་དགུང་གྲངས་༦༩ལ་ཕེབས་པ་སྐུ་ཞབས་Htin Kyawམཆོག་གིས་ཕྱི་ཟླ་༤ཚེས་༡ཉིན་དལྟའི་དྲག་པོའི་དམག་མིའི་རྒྱབ་སྐྱོར་ཡོད་པའི་སྲིད་འཛིན་Thein Seinམཆོག་གི་ལག་ནས་དབང་ཆ་རྩིས་ལེན་ཞུ་རྒྱུ་ཡིན་འདུག ཁོང་ནི་མ་ཡན་མར་(Myanmar)གྱི་མི་མང་གིས་ཧ་ཅང་བརྩི་བཀུར་ཆེན་པོ་ཞུ་བཞིན་པའི་མི་སྣ་ཞིག་ཡིན་པ་དང་། ཁོང་གི་ཕ་ལགས་ནི་རྩོམ་བྲིས་པ་དང་། རྒྱལ་ཡོངས་མང་གཙོ་ཚོགས་པ་ཐོག་མར་གསར་འཛུགས་གནང་སྐབས་ཚོགས་པ་དེའི་གྲོས་ཚོགས་ཀྱི་འཐུས་མི་དང་པོའི་གྲས་ཤིག་ཡིན་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎