རང་ལུས་མེར་བསྲེགས་དང་སྨན་བཅོས་དཀའ་ངལ།
2012.09.18
བཞུགས་སྒར་ཁུལ་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་དོན། ་སྔ་ལོའི་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་ཁམས་དཀར་མཛེས་ཁུལ་གྱི་དགོན་པ་ཞིག་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་སྒྲ་སྒྲོགས་ཤིང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རང་ལུས་མེར་བསྲེགས་བཏང་མཁན་དགེ་འདུན་པ་རང་ལོ་ ༣༨ ལ་ཕེབས་པའི་ཟླ་བ་ཚེ་རིང་ལགས་སོན་པོར་གནས་ཐུབ་ཡོད་ཀྱང་ད་བར་ཁོང་སྨན་བཅོས་བྱས་པ་བརྒྱུད་སྔོན་མའི་བརྩིས་ན་སྐུ་ཁམས་དྲག་སྐྱེད་གང་འཚམས་བྱུང་ཡོད་པ་དང་། ཁོང་དགོན་པར་ཕྱིར་ལོག་གིས་སློབ་གཉེར་གནང་འདོད་ཡོད་ཀྱང་ཕྱོགས་གཅིག་ནས་དགོན་པར་བསྐྱར་དུ་སློབ་འཇུག་བྱེད་བཅུག་གི་ཡོད་མེད་ཙམ་མ་ཟད་བཙོན་བཅུག་བྱེད་རྒྱུའི་བློ་འཚབ་ཡོད་པ་དང་། གཉིས་ནས་ཁོང་དང་ཁོང་གི་ནང་མིའི་ཐོག་སྨན་བཅོས་ཀྱི་འགྲོ་སོང་ཧ་ཅང་ཆེན་པོ་ཆགས་ནས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་གནས་ཚུལ་མཁོ་སྤྲོད་གནང་མཁན་དེས་འགྲེལ་བརྗོད་བྱས་ཡོད་པ་བཅས་ཁོང་གི་སྐུ་ཁམས་ཀྱི་ཐོག་ནས་འཚོ་གནས་ཐུབ་ཀྱང་འཚོ་བ་དང་། མ་འོངས་པར་ཁོང་་འཛིན་བཟུང་བྱས་མི་ཡོང་ངམ་བསམ་པའི་དངངས་ཚབ་སྐྱེས་ཤིང་དཀའ་ངལ་ཆེན་པོ་ཆགས་ཡོད་འདུག
སྤྱིར་བཏང་བོད་ནང་ཆབ་སྲིད་བཙོན་པ་ཚོར་གཟུགས་པོ་ཧ་ཅང་སྐྱོ་པོ་ཆགས་ནས་གློད་བཀྲོལ་ཐོབ་ཙམ་ཡོང་གི་ཡོད་ཀྱང་། བཙོན་ཁང་ནས་ཕྱིར་ཐོན་པའི་རྗེས་སུ་སྨན་བཅོས་བྱེད་དགོས་པའི་དཀའ་ངལ་འཕར་མ་ཞིག་དང་། ཕྲན་བུའི་གཟུགས་པོ་དྲག་སྐྱེད་ཕྱིན་ཡང་ལས་ཀ་གང་བྱུང་སྤྲོད་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པའི་ཆ་ནས་འཚོ་བའི་དཀའ་ངལ་འཕྲད་པ་སོགས་ཀྱི་གནས་ཚུལ་ཡང་སེ་ཡོང་གི་ཡོད་པ་རེད།