གཞོན་ནུའི་ཟས་བཅད་ངོ་རྒོལ་བ་ཚོའི་ཐོག་དགོངས་བཞེས།
2012.09.18
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ད་ཆ་ཉིན་གྲངས་བཅུ་གྲངས་ཤིག་འགྲོ་གི་ཡོད་པ་དང་ཁོང་རྣམས་པའི་སྐུ་གཟུགས་ཀྱི་གནས་སྟངས་ཀྱང་ཉིན་རེ་བཞིན་སྐྱོ་རུ་འགྲོ་གི་ཡོད་པ་བཅས་ལ་བརྟེན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཚོགས་གནང་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ་གཉིས་ལ་བོད་ནང་ད་བར་གཞོན་སྐྱེས་མང་པོས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་འགོག་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། དེ་བཞིན་རྒྱལ་ཁབ་སོ་སོས་ཀྱང་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐོག་ལངས་ཕྱོགས་འཛིན་སྟངས་ལ་སེམས་འཚབ་ཡོད་པའི་རྣམ་པ་བཏོན་དགོས་པ་དང་། དེ་བཞིན་རྒྱལ་ཚོགས་དང་ཡུ་རོབ་སྤྱི་མཐུན་ལྟ་བུའི་ཚོགས་པ་འགན་ཡོད་པའི་ཚོགས་སྡེ་ཁག་ནས་དེ་སྔ་ཏུ་ནི་ཤི་ཡའི་ནང་མི་གཅིག་གིས་རང་ལུས་མེར་སྲེགས་བཏང་བའི་དོན་རྐྱེན་ལ་གདོང་ལེན་ག་འདྲ་བྱས་ཡོད་མེད་དང་། དེ་དང་ཕྱོགས་མཚུངས་བོད་ནང་ད་བར་མི་གྲངས་ལྔ་བཅུ་ང་གཅིག་ཙམ་རང་ལུས་མེར་སྲེགས་བཏང་བ་དེ་ནི་ཧ་ཅང་གི་བློ་འཚབ་སྐྱེས་གཞི་ཞིག་ཡིན་དུས་དེའི་ཐོག་དགོངས་པ་བཞེས་དགོས་ལུགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཞུ་འབོད་ལ་དགོངས་པ་བཞེས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད། ཞུ་སྙན་གནང་མཁན་གྱི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་སུ་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། སོག་པོ་དང༌། ཤིན་ཅང་བཅིངས་བཀྲོལ་གཞོན་སྐྱེས་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཡོད་པ་རེད།
དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དོན་གྲུབ་ལྷ་དར་ལགས་དང༌། དྲུང་ཆེ་སྤེན་པ་ཚེ་རིང་ལགས། རིག་གཞུང་དྲུང་ཆེ་འཇིགས་མེད་ཆོས་པ་ལགས་གསུམ་གྱི་སྐུ་གཟུགས་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་འགྲོ་བཞིན་ཡོད་པ་དང༌། རྒྱལ་ས་ལྡི་ལིའི་ཉེན་རྟོག་པས་གཞུང་འབྲེལ་ཐོག་ནས་འཕྲོད་སྟེན་ལས་བྱེད་པ་ཁྲིད་དེ་ཁོང་རྣམས་ཀྱི་སྐུ་གཟུགས་གནས་སྟངས་ལ་བརྟག་དཔྱད་ཐེངས་དང་པོ་གནང་ཡོད་པ་རེད། འཕྲོད་བསྟེན་ལས་བྱེད་པ་ཚོས། ཁོང་གསུམ་གྱི་སྐུ་གཟུགས་གནས་སྟངས་ལ་བློ་འཚབ་གནང་བ་མ་ཟད། ཁོང་རྣམས་ལ་འཕྲལ་དུ་སྨན་བཅོས་བྱ་དགོས་གལ་ཆེ་བའི་ལམ་སྟོན་གནང་ཡོད་ཀྱང༌། ཁོང་གསུམ་གྱིས་སྨན་བཅོས་གནང་རྒྱུ་མཐའ་གཅིག་དུ་འདོད་པ་མི་བྱེད་པའི་ཁར་མུ་མཐུད་ནས་ཟས་བཅད་ལས་འགུལ་རྒྱུན་འཁྱོངས་གནང་རྒྱུའི་ཨུ་ཚུགས་གནང་གི་ཡོད་པ་རེད། ད་ལྟ་དབུས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་གཞོན་པ་དོན་གྲུབ་ལྷ་དར་ལགས་ཀྱི་སྐུ་གཟུགས་ལྗིད་ཚད་ཀི་ལོ་དགུ་མར་ཆག་པ་དང༌། དྲུང་ཆེ་པ་སངས་ཚེ་རིང་ལགས་ལྗིད་ཚད་ཀི་ལོ་བརྒྱད་དང༌། རིག་གཞུང་དྲུང་ཆེ་འཇིགས་མེད་ཆོས་པ་ལགས་ཀི་ལོ་དགུ་མར་ཆག་ཡོད་པ་རེད།