བདེན་པའི་མེ་ལྕེ་སྐོར་བསྐྱོད་ལ་རྒྱབ་སྐྱོར་བྱས་འདུག
2012.07.13
དེ་ཡང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱ་གར་ལྷོ་ཕྱོགས་ས་ཁུལ་གང་སར་རྒྱ་གར་ཡུལ་མི་སྤྱི་ཡོངས་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་མ་ཟད། ལས་འགུལ་འདི་བཞིན་རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་དང་། ཀེ་ར་ལ་མངའ་སྡེའི་བློན་ཆེན་ཟུར་པ་ སྐུ་ཞབས་V.R. Krishna Iyer མཆོག་གིས་དབུ་འབྱེད་གནང་བ་དང་འབྲེལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཐོག་མ་དེ་ཡང་ཁོང་གིས་བཀོད་་གནང་ཡོད་ཅིང་། བདེན་པའི་མེ་ལྕེ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་སྐོར་བསྐྱོད་བྱེད་པའི་རྒྱུད་རིམ་ནང་ ས་གནས་ཡུལ་མིའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱི་སྙན་གྲགས་ཆེ་བའི་མི་སྣ་རྒྱ་གར་དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཟུར་པ་སྐུ་ཞབས་ T.N. Seshanམཆོག་དང་། རྒྱ་གར་གྱི་ཧོག་ཀིའི་རྩེད་འགྲན་པ་ Padmasri དང་། རྒྱ་གར་ནང་སྙན་གྲགས་ཆེ་བའི་རི་མོ་བ་དང་། གློག་བརྙན་སྒྱུ་རྩལ་བྱུས་བཀོད་པ་སྐུ་ཞབས་Thota Tharrani ཐོ་ཐ་ ཐ་ར་ནི་ མཆོག་སོགས་རྒྱ་གར་གྱི་སྲིད་ཞུ་བ་ཟུར་པ་རྒན་གྲས་དང་། དབུས་ཁྲིམས་དཔོན་ཟུར་པ། སྐོར་སྲུང་སྤྱི་ཁྱབ་ཟུར་པ། སྒྱུ་རྩལ་བ་ རྩེད་འགྲན་པ། གློག་བརྙན་བཟོ་སྐྲུན་པ། མཐོ་སློབ་གྱི་སློབ་དཔོན་དང་། ཆོས་ལུགས་མི་སྣ་ གསར་འགོད་པ། མི་མང་བྱིངས་དང་། ལྷག་པར་ཤེས་ཡོན་བསྟི་གནས་ཁག་བཅས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་དང་། བོད་དོན་ལས་འགུལ་ལ་ཐུགས་སྣང་དང་། རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་ཞུ་སྙན་སྟེང་མཚན་རྟགས་གནང་བའི་བརྒྱུད་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཐོབ་ཡོད་འདུག བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་སྤེལ་གནང་མཁན་གྱིས་ གོང་གསལ་སྙན་གྲགས་ཅན་གྱི་མི་སྣ་རྣམས་མཇལ་འཕྲད་གནང་བའི་སྐབས་ ཚང་མས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་ལ་བསྔགས་བརྗོད་ཞུས་པ་མ་ཟད། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་ བོད་དོན་ཐད་ད་དུང་བོད་མི་ཚོས་རང་དོན་རང་གཅེས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་ ཤེས་ཡོན་སྤྱི་དང་། ལྷག་པར་ཚན་རིག་དང་འཕྲུལ་རིགས་ཤེས་ཡོན་ཐོག་དམིགས་བསལ་ཐུགས་སྣང་དགོས་པ། ད་ལྟའི་དུས་སྐབས་འདིར་རྒྱལ་གཅེས་སྙིང་སྟོབས་ལྡན་པའི་བོད་མི་རྣམས་འཚོ་དགོས་པ་གལ་ཆེན་དང་། ཁོང་ཚོའི་ཚེ་སྲོག་ཤོར་བར་བློ་འགྱོད་ བོད་མི་དང་ དྲང་བདེན་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པ་ཚང་མས་གཅིག་གྱུར་ཐོག་གསུང་ཡོད་པའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག