སྲིད་སྐྱོང་མཆོག་བོད་དོན་བགྲོ་གླེང་ལྷན་ཚོགས་མཉམ་ཞུགས།
2012.10.22
དེ་ཡང་ཚེས་༢༡ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམ་པས་གཙོས་ཅེཀ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ཐུགས་འཁུར་རྐང་བཞེས་ཐོག་བོད་དོན་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་ཤིག་རྒྱལ་ས་Pragueནང་གོ་སྒྲིག་གནང་ཡོད་ཅིང༌། བགྲོ་གླེང་ཐོག་གསུང་བཤད་གནང་མཁན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡིན་པ་དང༌། ཁོང་གིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་འདུག།
གོང་ཞུས་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་བའི་ནང༌། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞུང་འབྲེལ་ཐོག་ནས་གོ་སྒྲིག་གནང་བའི་བོད་དོན་དང་འབྲེལ་བའི་བགྲོ་གླེང་དེར་མི་མང་གང་མང་མཉམ་ཞུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་སེམས་ཁུར་སྟོན་རྒྱུ་ཙམ་མ་ཟད། ལྷན་ཚོགས་དེའི་ཐོག་སྲིད་སྐྱོད་བློ་བཟང་སེངྒེ་མཆོག་གིས་བོད་མིའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསུང་བཤད་གནང་རྒྱུའི་ལས་རིམ་ཞིག་གོ་སྒྲིགས་ཞུས་ཡོད། དེ་བཞིན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བོད་དོན་གྱི་བགྲོ་གླེང་ལྷན་ཚོགས་དེ་འཚོགས་གནང་བའི་བརྒྱུད་དོན་ཚན་གཉིས་ཅན་གྱི་དགོས་འདུན་ཁག་གཉིས་བཏོན་གནང་འདུག་པ་ནི། དགོས་འདུན་དང་པོ་དེ་ནི་། ཞེ་བདེར་དགའ་བའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ཁག་སྣེ་ཁྲིད་གནང་སྟེ་འཛམ་གླིང་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་མཉམ་རུབ་ཀྱིས་བོད་ཀྱི་གྲོགས་པོ་ཆགས་ཐུབ་ཐབས་གནང་ནས་། བོད་དོན་ལ་རྒྱབ་སྐྱོར་གནང་དགོས་རྒྱུ། དགོས་འདུན་གཉིས་པ་ནི། རིན་མིན་ཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འཕོ་འགྱུར་དང་བསྟུན་རྒྱ་ནག་གཞུང་གིས་རྒྱུན་དུ་བརྗོད་བཞིན་པའི་དཔལ་འབྱོར་ཡར་རྒྱས་དང་ཞི་བདེ་འཆམ་མཐུན་ལྡན་པའི་སྤྱི་ཚོགས་ཤིག་དགོས་ཚེ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་དངོས་ཡོད་དཀའ་ངལ་ལ་བསམ་གཞིགས་ཀྱིས་དྲག་རྩུབ་ཀྱི་སྲིད་བྱུས་འཕྲལ་མར་མཚམས་འཇོག་བྱ་དགོས་པ་མ་ཟད། ཕྱོགས་ཕན་ཚུན་དབར་དོན་སྙིང་ལྡན་པའི་གྲོས་མོལ་གྱི་ལམ་ལ་འཇུགས་དགོས་ཞེས་ གསར་འགོད་བསྒྲགས་གཏམ་དེའི་ནང་བཀོད་ཡོད་པ་རེད།
ཡང་སྲིད་སྐྱོང་བའི་གཏམ་བཤད་ནང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲིད་དབང་སྒེར་སྤྱོད་ཀྱི་དབང་འཛིན་ལ་ཁ་གཏད་གདོང་ལེན་གནང་བ་དང་། ཡ་རབ་བཟང་སྤྱོད་ལྡན་པའི་དབང་འཛིན་དང་ འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་གནང་བ་མ་ཟད་རྒྱལ་ཁབ་ཐོབ་པའི་རྒྱལ་ཁབ་དང་མི་མང་ཞིག་ཡིན་ཞིང་། བོད་མི་རྣམས་ཀྱིས་ཀྱང་ ཅེག་རྒྱལ་ཁབ་དང་མི་མང་གིས་སྤེལ་བའི་ལས་འགུལ་གྱི་ཐོག་ནས་བསླབ་བྱ་ལེན་པ་དང་ སེམས་འགུལ་འཐེབ་ཀྱི་ཡོད་པའི་སྐོར་གསུངས་འདུག་། བོད་ནང་གི་གནས་སྟངས་ལ་ཆ་བཞག་པ་ཡིན་ན་བོད་མི་ ༥༦་ ཙམ་གྱི་སོ་སོའི་སྐུ་ལུས་མེར་བསྲེག་གནང་གྲུབ་པ་དང་། བཙན་བྱོལ་སྒྲིག་འཛུགས་དང་འགོ་ཁྲིད་རྣམས་ཀྱིས་དེ་འདྲའི་ཛ་དྲག་གི་ལས་འགུལ་སྤེལ་གནང་རྒྱུ་མེད་པའི་འབུལ་བསྐུལ་ཞུས་ཀྱང་གནས་ཚུལ་མུ་མཐུད་ནས་ཡོང་བཞིན་པ་ཡིན་པ་དང་། རྒྱུ་རྐྱེན་གཙོ་བོ་ནི་ རྒྱ་ནག་གིས་བོད་ནང་འཆར་གཞི་ལྷན་པའི་ཐོག་ནས་བོད་ཀྱི་ཆོས་ སྐད་ཡིག དང་རིག་གཞུང་ཐོག་དྲག་གནོན་དང་ བཙན་དབང་གི་ཐོག་ནས་བོད་མི་རྣམས་འདོད་པ་མེད་པའི་ས་གནས་སུ་གཞིས་སྤོས་བྱེད་དུ་བཅུག་བཞིན་པའི་ཐོག་མུ་མཐུད་ནས་ཛ་དྲག་གི་མེ་བསྲེག་དོན་རྐྱེན་ཡོད་བཞིན་པའི་སྐོར་འགྲེལ་བརྗོད་གནང་འདུག