གླིང་ཕྲན་དེ་བྲག་རྡོ་འམ་ཡང་ན་གཏེར་མཛོད་ཡིན་སྲིད་པ་རེད།
2012.09.19
ཉི་ཧོང་གི་ཕྱོགས་ནས་Senkakuཞེས་དང༌། རྒྱ་ནག་ཕྱོགས་ནས་Diaoyu གླིང་ཕྲན་ཞེས་འབོད་སྲོལ་ཡོད་པའི་གླིང་ཕྲན་དེ་ལོ་ངོ་བཅུང་ཕྲག་མང་པོའི་རིང༌། རིན་ཐང་ཆེ་བའི་རྡོ་སྣུམ་གྱི་གཏེར་མཛོད་ཅིག་ཡིན་པར་མང་པོ་ཞིག་གིས་ཚོད་དཔག་བྱེད་བཞིན་ཡོད་ལ། ༡༩༦༩ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཐོ་ཞིག་ནང་མཚོ་གླིང་དེའི་རྒྱ་རྒྱུད་རྒྱ་མཚོའི་ནང་རྡོ་སྣུམ་ཕོན་ཆེ་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།
འོན་ཀྱང་རྒྱ་ནག་དང་ཉི་ཧོང་གི་ཚན་རིག་པ་ཐེ་པའི་རྒྱལ་སྤྱིའི་ཚན་རིག་བརྟག་དཔྱད་པ་ཁག་གིས་ཞིབ་འཇུག་རིམ་པ་གནང་བའི་ཡིག་ཆ་ཁག་གི་ནང༌། ད་དུང་མུ་མཐུད་ཞིབ་འཇུག་བྱ་དགོས་ཀྱི་ཡོད་ལུགས་གསུང་པ་ལས་རྡོ་སྣུམ་གྱི་གཏེར་ཁ་ཡོད་པའི་གནས་ཚུལ་ཁ་གསལ་བཏོན་གནང་མེད་པ་རེད།
གོང་ཞུས་རྒྱ་ནག་དང་ཉི་ཧོང་གཉིས་དབར་རྩོད་གཞི་ཡོད་པའི་Senkaku གླིང་ཕྲན་དེ་བཞིན་ ཐེ་ཝན་ནས་རྒྱང་ཚད་ཀི་ལོ་མི་ཊར་༢༠༠ཙམ་གྱི་སར་ཆགས་ཡོད་པ་རེད།
ཉི་ཧོང་གི་དཔོན་རིགས་ཤིག་གིས་ གླིང་ཕྲན་དེ་ཚོའི་འོག་རྡོ་རྣུམ་གྱི་བྱུང་ཁུངས་ད་ལྟ་བསམ་པ་ནང་བཞིན་ང་ཚོས་ཨེ་ཡོད་བསམ་གྱི་འདུག་ཅེས་ཕ་རེན་སི་གསར་ལས་ཁང་ལ་གསུངས་བཞག།
དེ་སྔོན་༢༠༠༨ལོར་ཉི་ཧོང་དང་རྒྱ་ནག་གཉིས་དབར་ གོང་ཞུས་གླིང་ཕྲན་ཁུལ་གྱི་རང་འབྱུང་ཐོན་ཁུངས་ཡར་རྒྱས་གཏོང་རྒྱུའི་མཐུན་གྲོས་ཐོག་ཕྱོགས་གཉིས་ཀས་མིང་རྟགས་བཀོད་དེ་ ཞི་བདེ་དང་མཉམ་འབྲེལ། མཛའ་མཐུན་གྱི་རྒྱ་མཚོ་ཞིག་བཟོ་རྒྱུར་མོས་མཐུན་བྱུང་ཡོད་ནའང༌། བར་ལམ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ ཇེ་སྡུག་ཏུ་ཕྱིན་རྗེས། བདུན་སྔོན་མ་ ཉི་ཧོང་པ་སྒེར་པ་ཁག་ཅིག་གི་ལག་ནས་Senkaku ཁུལ་གྱི་གླིང་ཕྲན་གསུམ་ ཉི་ཧོང་གཞུང་གིས་ཉོ་སྒྲུབ་གནང་ཡོད་པ་རེད།