སྲིད་སྐྱོང་གིས་ཇོན་ཁེ་རེ་ལ་མཚམས་འདྲི་ཞུས་གནང་འདུག
2012.12.24
དེ་ཡང་གནས་ཚུལ་ལྟར། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྐུ་ཞབས་John Kerry ནི་རྒྱུན་རིང་བོད་དོན་ལ་དོ་སྣང་ཆེན་པོ་ཡོད་པའི་བོད་པའི་གྲོགས་པོ་ཞིག་ཡིན་པ་དང་། ཁོང་ནི་ཕྱི་འབྲེལ་སྲིད་ཇུས་ཐོག་མཁྱེན་རྟོགས་ཆེན་པོ་ཡོད་པའི་མི་སྣ་ཞིག་ཀྱང་ཡིན་སྟབས་ཁོང་གིས་དྲུང་ཆེ་ལས་ཐོག་ཧི་ལེ་རི་ཁི་ལིནྚོན་(Hillary Clinton) མཆོག་གིས་འབད་བརྩོན་གནང་བའི་བོད་ཀྱི་གནད་དོན་དང་། འགྲོ་བ་མིའི་ཐོབ་ཐང་ཀྱི་མཛད་ཇུས་གཞི་ལ་བཞག་པའི་ཐོག་ནས་བོད་དོན་ཐོག་ཐུགས་འཁུར་ཆེ་བཞེས་གནང་བའི་རེ་བ་ཡོད་ལ། གང་མགྱོགས་བསྐོ་གཞག་ཡོང་བའི་རེ་སྨོན་ཞུ་གི་ཡོད་ཅེས་གསུངས་འདུག
སྐུ་ཞབས་ཇོན་ཁེ་རི་ཡིས་མི་ལོ་༢༨ཙམ་གྱི་རིང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མིའི་ཐུགས་འགན་བཞེས་ཡོད་པ་དང་། ཕྱི་ལོ་༢༠༠༩ལོ་ནས་བཟུང་ཁོང་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་རེད། ཁོང་ནི་ཕྱི་འབྲེལ་སྲིད་ཇུས་ཐོག་མཁས་དབང་ཞིག་ཞིང་། ཕྱག་རོགས་རྣམ་པ་དང་། རྒྱལ་སྤྱིའི་ཐོག་ནས་ཧ་ཅང་གུས་བརྩི་ཆེན་པོ་ཞུ་བཞིན་པའི་མི་སྣ་ཞིག་ཡིན་པ་རེད། དེ་བཞིན་སྐུ་ཞབས་ཇོན་ཁེ་རི་ནི་དུས་ཡུན་རིང་པོ་ནས་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་གནང་མཁན་གྱི་གྲོས་ཚོགས་ཚོགས་མི་ཞིག་ཀྱང་ཡིན་པ་དང་། ཁོང་གིས་ཕྱི་ལོ་༢༠༡༢ལོ་གཅིག་པུར་གྲོས་ཚོགས་གོང་མའི་ནང་བོད་དོན་གྲོས་ཆོད་ཁག་གཉིས་བཞག་ཐུབ་ཐབས་སུ་འབད་བརྩོན་གནང་སྟེ་། རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་མཚམས་འཇོགས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཆེན་མོའི་འོས་མི་སྐུ་ཞབས་ཇོན་ཁེ་རི་ཡིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་ཐེངས་མང་གནང་མྱོང་ཡོད་ཐོག་སྲིད་སྐྱོང་མཆོག་དང་མཉམ་དུ་ཡང་འདི་ལོའི་ཕྱི་ཟླ་བདུན་པའི་ནང་མཇལ་འཕྲད་གནང་ཡོད་པ་རེད། སྐབས་དེར་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་བཀའ་མོལ་གནང་ཡོད་པ་རེད་།
དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་ཨ་རིའི་སྲིད་ཕྱིད་དྲུང་ཆེ་གསར་པའི་འོས་མིར་བསྔགས་བརྗོད་བྱས་འདུག། ཕྱི་སྲིད་ལས་ཁུངས་ཀྱི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཉིན་ནང༌། མགྲིན་ཚབ་པ་ཧུ་འ་ཁྲུན་ཡིངྒ་(Hua Chunying) གིས་རྒྱ་ནག་གིས་ཨ་མི་རི་ཀ་དང་མཉམ་སྦྲེལ་གོང་མཐོར་སྤེལ་རྒྱུར་གྲ་སྒྲིག་ཡོད་ཅེས་འགྲེལ་བརྗོད་བྱས་འདུག