བཀའ་བློན་ཁྲི་པ་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས།
2012.08.02
༄༅། །བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་༧་ཚེས་༣༡་ཉིན་ སྦེལ་ཀོབ་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་པ་ལྟར། ཁོང་གིས་སེ་ར་བྱེས་སྨད་གཉིས་གཙོས་པའི་ཆོས་སྡེ་ཁག་ལ་གཟིགས་སྐོར་གནང་ཡོད་རེད། སྐབས་དེར་མང་ཚོགས་ལ་བཀའ་ཤག་གསར་པའི་ལྟ་གྲུབ་གསུམ་གྱི་སྐོར་གསུང་གནང་དུས། རང་ཁ་རང་གསོའི་བསམ་བློ་དེ་ཡོད་པ་ཡིན་ན། བོད་ཀྱི་ལ་རྒྱ་དང་བོད་པ་ཡིན་པའི་སྤོབས་པ། སྙིང་སྟོབས། གདེང་ཚོད་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། བསམ་བློའི་ནང་དེ་མེད་ན། དང་པོ་སོ་སོའི་རྐང་པའི་སྒང་ལང་ཐུབ་ཀྱི་མ་རེད། དཀའ་ལས་རྒྱག་ཐུབ་ཀྱི་མ་རེད། རྩ་དོན་རྩོད་ཐུབ་ཀྱི་མ་རེད། རྩ་དོན་མ་རྩོད་ན། རྒྱ་ནག་ལ་གདོང་ལེན་བྱེད་ཐུབ་ཀྱི་མ་རེད། དེ་མ་ཐུབ་ན་བོད་ལུང་པར་ལོག་ནས་བོད་རྒྱལ་ཁབ་འཛིན་གྱི་ཡིན་ཟེར་ན་དཀའ་ལས་ཁག་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་རང་ཁ་རང་གསོའི་སྐོར་སློབ་གསོ་བྱ་རྒྱུ་གལ་ཆེ་ཡིན་སྐོར་གསུང་འདུག
ཡང་ཁོང་གིས་དེང་སྐབས་བོད་ནང་བོད་མི་མང་པོས་རང་ལུས་མེར་སྲེག་བཞིན་པ་དེ་གྲངས་ཁའི་ངོ་བོར་མ་གྱུར་བར་ ཁོང་རྣམ་ནས་བོད་མི་རིགས་ཀྱི་ཆེད་དང་། རང་དབང་། དེ་བཞིན་ང་ཚོའི་ཆེད་དུ་ལུས་སྲོག་བློས་གཏོང་གནང་གི་ཡོད་པ་གསལ་པོ་ཤེས་རྟོག་དགོས་སྐོར་གསུངས་འདུག འདི་རིང་ཁོང་གིས་རྒྱ་གར་ལྷོ་ཕྱོཌ་Karnataka་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་དང་། དེ་ནས་གྲོང་ཁྱེར་Mysore གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་འཆར་ཡོད་པ་རེད།