སྲིད་བློན་དམ་པ་དང་བོད།
2013.04.09

༄༅༎ དགུང་གྲངས་༨༧ལ་ཕེབས་པའི་ཨིན་ཇིའི་སྲིད་བློན་ཟུར་པ་མར་གེ་རེཊ་ཐེ་ཅར་མཆོག་ཁ་སང་ཕྱི་ཚེས་༨ཉིན་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་ཡོད་པ་རེད། ཨིན་ཇིའི་སྲིད་བློན་ཟུར་པ་དམ་པ་ལྕམ་Margaret Thatcher མཆོག་གིས་དེ་སྔ་རྩོམ་སྒྲིག་གནང་བའི་ཕྱག་དེབ་ཅིག་གི་ནང་རྒྱ་ནག་གིས་བརྗོད་པའི་བོད་ཐོག་བདག་དབང་གི་གནད་དོན་དེ་ཐེ་ཚོམ་ཅན་གྱི་གནད་དོན་ཞིག་ཡིན་པའི་སྐོར་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག ཨིན་ཇིའི་སྲིད་བློན་ཟུར་པ་དམ་པ་ལྕམ་ Margaret Thatcher གྱིས་གཞུང་སྲིད་འཛིན་སྐྱོང་དང་འཛམ་གླིང་འགྱུར་ལྡོག་གི་ཐབས་བྱུས་ཞེས་པའི་ཕྱག་དེབ་དེ་ཨ་མི་རི་ཀའི་ནང་༢༠༠༣ལོར་དཔར་འགྲེམས་གནང་ཡོད་ཅིང་། ཁོང་གི་ཕྱག་དེབ་དེའི་ཤོག་གྲངས་ ༡༧༢ནས་ ༡༧༣ ཐོག་བོད་ཀྱི་གནད་དོན་སྐོར་ཞིབ་ཕྲ་བཀོད་ཡོད་ཅིང་། ལྷག་དོན་དུ་རྒྱ་རིགས་མིན་པའི་མི་རིགས་བོད་མི་རྣམས་ཀྱིས་རྒྱ་ནག་གི་གུ་བྲན་ཏང་གི་དབང་འཛིན་འོག་ཏུ་དཀའ་སྡུག་ཆེན་པོ་མྱང་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་བདག་དབང་ཐོག་གི་ཐོབ་ཐང་ཡོད་ཅེས་བརྗོད་པའི་གནད་དོན་ཐོག་ཐེ་ཚོམ་ཆེན་པོ་ཡོད་པ་དང་། ཕྱི་ལོ་ ༡༩༡༢ ནས་ ༡༩༥༡ བར་བོད་དེ་དོན་དམ་གྱི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་འཛིན་སྐྱོང་བྱས་ཡོད་པའི་སྐོར་ཕྱག་དེབ་ནང་གསལ་པོ་བཀོད་གནང་ཡོད་པ་རེད་འདུག །