ཨ་རིའི་རི་འཛེཊ་པ་བལ་ཡུལ་ནས་ཕྱིར་བུད་བྱས་པ།
2008.04.29
༄༅༎ཉེ་སྔོན་ཇོ་མོ་གླང་མའི་རི་རྩེའི་ཐོག་བོད་རང་དབང་གི་ཕྲེད་དར་འཁྱེར་མཁན་ཨ་མི་རི་ཀའི་རི་འཛེགས་པ་དེ། བལ་ཡུལ་གཞུང་གིས་ལོ་གཉིས་རིང་བལ་ཡུལ་ནང་རི་འཛེག་གི་ལས་དོན་སྤེལ་མི་ཆོག་པའི་དམ་བསྒྲགས་བཀལ་ཏེ་ཕྱིར་བུད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་ལས་བྱེད་པ་ ཀིརིཤ་ནྰ གཡ་ཝ་ལི་ཡིས་ ཨ་རིའི་ཝིར་ཇི་ནིཡ་ མངའ་སྡེའི་ མིཌ་ལོ་ཐེ་ཡེན་ གྲོང་ཁྱེར་ནས་ཡིན་པ་ ཝིིལི་ཡམ་ གྷ་རན་ཊ་ ཧོ་ལན་ཌ་ གྱིས་བསྒྲིག་གཞི་དང་འགལ་བའི་བྱ་སྤྱོད་སྤེལ་བའི་སྐྱེན་གྱིས་ཕྱིར་འབུད་བྱས་ལུགས་བརྗོད་འདུག་པ་དང་། ཧོ་ལེནཌ་ གཟའ་ཟླ་བའི་ཉིན་བལ་ཡུལ་ནས་ཕྱིར་ཐོན་གནང་ཞིང་། གཟའ་འཁོར་སྔོན་མར་ཁོང་གིས་ཇོ་མོ་གླང་མའི་རི་འདབས་སུ་བོད་རང་དབང་ཞེས་པའི་འཕྲེད་དར་ཞིག་འཁྱེར་ཡོད་པ་བལ་ཡུལ་གྱི་དམག་མི་དང་འབྲེལ་ཡོད་ལས་བྱེད་པ་ཚོས་ཤེས་རྟོགས་བྱུང་བ་དང་། བལ་ཡུལ་གྱི་རྒྱལ་ས་་ ཀཊ་མན་ཌུ་ ལ་འབྱོར་སྐབས་བལ་པོའི་གཞུང་གི་ལས་བྱེད་པས་ཁོང་ལ་འདྲི་ཞིབ་བྱས་རྗེས། ཁོང་ཚོས་སྐུ་ཞབས་ ཝིལི་ཡམ་ས྄་ ཡིས་བལ་ཡུལ་ནང་རྒྱ་ནག་ལ་ངོ་རྒོལ་བྱེད་མི་ཆོག་པའི་ཁྲིམས་དང་འགལ་འཛོལ་གྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་འོག་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག སྐུ་ཞབས་ ཝིལི་ཡམ་ས྄་ གྱིས་ཇོ་མོ་གླང་མའི་སྟེང་རྒྱ་ནག་གི་རི་འཛེགས་པས ཨོ་ལིམ་པིཀ་ ཡི་དཔལ་འབར་བསྐོར་བསྐྱོད་བྱས་པའི་སྐབས་དེར་ངོ་རྒོལ་གནང་རྒྱུའི་འཆར་གཞི་ཡོད་ཅིང་། གཞི་རྐང་རྒྱ་མིའི་རི་འཛེགས་པ་དེ་དག་བོད་ཕྱོགས་ཀྱི་རི་འདབས་ནས་ཇོ་མོ་གླང་མའི་སྟེང་འཛེག་རྒྱུ་ཡིན་ན་ཡང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་ཇོ་མོ་གླང་མའི་ལྷོ་ངོས་བལ་ཡུལ་ཕྱོགས་ཀྱི་རི་འདབས་སུ། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་འགོག་ཐབས་སུ་བལ་ཡུལ་གྱི་དམག་མི་འབོར་ཆེན་འགྲེམ་འཇོགས་བྱས་ཡོད་པར་མ་ཟད། ཕྱི་ཟླ་ལྔ་པའི་ཚེས་ ༡ ནས་ ༡༠ བར་བལ་ཡུལ་གྱི་ཕྱོགས་ནས་ཇོ་མོ་གླང་མའི་སྟེང་རི་འཛེག་གི་ལས་དོན་ཡོངས་རྫོགས་མཚམས་འཇོག་བྱ་རྒྱུའིི་ཐག་གཅོད་ཀྱང་བྱས་ཡོད་པ་རེད༎