དགུ་གཅིག་གཅིག་གི་དུས་དྲན་ཉིན་མོ།
2012.09.11
མ་འོངས་པའི་ཨ་རིའི་སྲིད་འཛིན་འོས་མིར་དམངས་གཙོ་ཚོགས་པའི་ཐོག་ནས་ད་ལྟའི་ལས་ཐོག་སྲིད་འཛིན་Obama དང༌། སྤྱི་མཐུན་ཚོགས་པའི་ཐོག་ནས་སྐུ་ཞབས་Mitty Romney གཏན་འཁེལ་བྱུང་བ་ལྟར། ཁོང་གཉིས་ཀྱིས་སྲིད་འཛིན་གྱི་རྒྱལ་ཁབ་ཐོབ་རྒྱུའི་ཆེད་དུ་སོ་སོའི་འཇོན་ཐང་འགྲན་པ་དང་། ཕན་ཚུན་ཆབ་སྲིད་ཀྱི་ལངས་ཕྱོགས་དྲིལ་བསྒྲགས་ལ་བྲེལ་བའི་སྐབས་འདིར་། ཚེས་བཅུ་གཅིག་ཉིན་ནི་དགུ་གཅིག་གཅིག་ཞེས་ཨ་རིའི་ནང་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་ཚབས་ཆེན་བཏང་བའི་ཉིན་མོ་ཡིན་པར་ཨ་རི་རྒྱལ་ཁབ་ལ་ཆེ་ཐོངས་ཞུ་རྒྱུ་དང༌། གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ཕན་ཚུན་སྐྱོན་བརྗོད་དང་འགྲན་རྩོད་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་མཚམས་འཇོག་གནང་སྟེ། སྲིད་འཛིན་Obama ནི། ཕོ་བྲང་དཀར་པོའི་ནང་དུས་དྲན་མཛད་སྒོར་ཕེབས་རྒྱུ་དང༌། སྐུ་ཞབས་Mitty Romney ཡིས་གསལ་བསྒྲགས་ཤིག་སྤེལ་པའི་ནང་། དེ་རིང་ནི་མུན་ནག་གི་ཉིན་མོ་ཞིག་ཡིན་ཞིང༌། ང་ཚོར་གཏོར་རྒོལ་གཏོང་མཁན་དེ་དག་གིས་ཤེས་དགོས་པ་ནི། ང་ཚོ་ཚང་མ་གཅིག་སྒྲིལ་དང༌། དཀོན་མཆོག་གཅིག་གི་འོག་ལ་རྒྱལ་ཁབ་གཅིག་ཡིན་པ་དང༌། ང་ཚོས་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་དོན་རྐྱེན་ནམ་ཡང་ལམ་ལྷོང་དུ་གཏོང་རྒྱུ་མིན་ལ། འཛམ་གླིང་སྤྱི་དང་ཡང་སྒོས་ཨ་རིའི་རྒྱལ་ནང་དུ་ཞི་བདེ་དང༌། རང་དབང་ཚད་མཐོར་གཏོང་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།