རྒྱལ་སྤྱིའི་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་མཉམ་ཞུགས།
2012.10.09
འཛམ་གླིང་གི་རྒྱལ་ཁབ་ཁག་༡༧༠ ལྷག་གི་སྐུ་ཚབ་འཐུས་མི་རྣམས་རེས་གཟའ་ཟླ་བའི་ཉིན་རྒྱ་གར་ནང་འདུ་འཛོམས་ཀྱིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་བགྲོ་གླེང་ཚོགས་འདུ་དེ་ནི་ཕྱི་ཟླ་བཅུ་པའི་ཚེས་༨ ནས་༡༩ བར་གཟའ་འཁོར་གཉིས་ཙམ་རིང་རྒྱ་གར་གྱི་མངའ་སྡེ་Andhra Pradesh འི་གྲོང་ཁྱེར་Hyderabad ནང་སྐོང་ཚོགས་གནང་གི་ཡོད་པ་ལྟར་རེས་གཟའ་ཟླ་བ་ནས་ལྷན་ཚོགས་དབུ་ཚུགས་གནང་ཡོད་ཅིང༌།། ལྷན་ཚོགས་དེའི་ཐོག་ལ་བཙན་བྱོལ་གཞུང་གི་ཁོར་ཡུག་སྡེ་ཚན་གྱི་ཞིབ་འཇུག་པ་ཆོས་སྐྱིད་ལགས་དང་ཚེ་རིང་དོན་གྲུབ་ལགས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་གཉིས་ཀྱིས་ལྷན་ཚོགས་དེའི་ཐོག་ལ་བོད་ནང་གི་ཁོར་ཡུག་གནས་སྟངས་ལ་བློ་འཚབ་ཡོད་པའི་གླེང་སློང་གནང་རྒྱུ་དང༌། བོད་ཀྱི་ཁོར་ཡུག་གི་གནས་སྟངས་ངོ་སྤྲོད་གནང་སྟེ། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡོང་བ་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་རེད།
ད་དུང་ལྷན་ཚོགས་དེའི་ཐོག་ལ་བོད་ཀྱི་སྐུ་ཚབ་ཐོག་ནས། འཛམ་གླིང་གི་ས་མཐོའི་བོད་ཀྱི་ཁོར་ཡུག་ནི་ཐོུང་མ་ཡིན་པ་ཞིག་ཡིན་པ་དང༌། བོད་ནི་ས་མཐོའི་ཐོག་ཆགས་ཏེ། སྔོ་ལྗང་དང་ལྗོན་ཤིང་མི་འདྲ་བ་ཆིག་ཁྲི་ཉིས་སྟོང་ལྷག་དང༌། འདབ་ཆགས་བྱ་རིགས་མི་འདྲ་༥༣༢་དང། གཏེར་ཁ་རིགས་མི་འདྲ་བ་༡༣༢ ལྷག་ཡོད་པའི་གནས་ལུགས་ངོ་སྤྲོད་གནང་རྒྱུ་ཡིན་ཞིང༌། ཚེ་རིང་དོན་གྲུབ་ལགས་སུ་བརྙན་འཕྲིན་ལས་ཁང་ཞིག་གིས་བཅར་འདྲི་ཞུས་པའི་སྐབས་ལ། ཁོང་གིས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བོད་ས་མཐོའི་ཁོར་ཡུག་ལ་ཉམ་ཆགས་འགྲོ་བའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་གལ་འགངས་ཆེན་པོ་གཟིགས་ཀྱི་ཡོད་པ་དང༌། ལྷག་དོན་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ཟེར་བའི་ལས་དོན་འཆར་གཞི་དེ་ཡིས་བོད་ཀྱི་ས་ཁུལ་ནང་གང་བྱུང་དུ་གཏེར་ཁ་སྔོག་འདོན་བྱེད་པ་དང༌། གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་གཙང་ཆུ་བཙོག་པ་བཟོས་པ་དང་དེའི་རྙིགས་རོ་གང་བྱུང་དུ་དབྱུགས་པའི་བྱ་སྤྱོད་དེ་ཡིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་འགྲོ་བའི་ཁར་ས་གནས་བོད་མི་ཚོའི་འཚོ་བའི་གོམས་གཤིས་ལའང་གནོད་སྐྱོན་བཟོ་གིན་ཡོད་པའི་སྐོར་གསུང་ཡོད་པ་རེད།