༧གོང་ས་མཆོག་རྒྱ་གར་ཤི་རི་ན་གྷར་ཕེབས་འབྱོར་གནང་འདུག
2012.07.12
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལྟར་ན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རིང་ཚེས་བཅུ་གཉིས་ཉིན་རྒྱ་གར་བྱང་ཕྱོགས་འཇའ་མུ་ཀ་ཤི་མིར་མངའ་སྡེའི་གྲོང་ཁྱེར་ཤི་རི་ན་གྷར་ནང་ཞབས་སོར་འཁོད་གནང་མཛད་པ་དང་། གནམ་ཐང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Omar Abdulalah མཆོག་དང་། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་འཇོ་ར་ངག་དབང་རིག་འཛིན་ལགས་རྣམ་གཉིས་ཀྱི་གཙོས་འབྲེལ་ཡོད་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
དེ་ནས་རིམ་པས་བཞུགས་གནས་མགྲོན་ཁང་དུ་ཕེབས་པའི་ཕེབས་ལམ་གཡས་གཡོན་དུ་ཁུལ་དེར་གནས་སྡོད་བོད་རིགས་ཁ་ཆེའི་མི་མང་དང་། དེའི་རྗེས་སུ་མགྲོན་ཁང་དུ་ལ་དྭགས་ཡུལ་མི་རྣམས་ནས་གུས་བསུ་ཞུས་ཡོད་པ་རེད། འདི་ཚེས་བཅུ་བཞི་ཉིན་༧གོང་ས་མཆོག་ནས་བོད་རིགས་ཁ་ཆེའི་སློབ་གྲར་གཟིགས་ཞིབ་གནང་རྒྱུ་དང་། དེ་བཞིན་བོད་རིགས་ཁ་ཆེའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག གཞིས་ཆགས་དེར་ཐོག་མར་ཕྱི་ལོ་ ༡༩༧༥ ལོར་ཆིབས་བསྒྱུར་གནང་བ་དང་དེ་ནས་ཕྱི་ལོ་ ༡༩༨༨ ལོར་ཕེབས་ཡོད་པ་རེད། གནས་ཚུལ་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ཐེངས་ཤི་རི་ན་གྷའི་ཁུལ་དུ་ཉིན་གྲངས་དྲུག་རིང་མཛད་འཆར་ཡོད་འདུག ཡང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་ནང་མཛད་འཆར་བཀོད་པར་ལྟར་ན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤི་རི་ན་གྷར་ཁུལ་གྱི་མཛད་འཆར་གྲུབ་གནང་བའི་རྗེས་སུ་ལ་དྭགས་ཁུལ་ཆིབས་བསྒྱུར་གྱིས་ཟངས་དཀར་གྱི་པ་དུམ་ས་གནས་སུ་རྒྱལ་སྲས་ཐོག་མེད་ཀྱི་མཛད་པའི་ལག་ལེན་སོ་བདུན་མ་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་འཁྲིད་རྩལ་གནང་གི་ཡོད་འདུག་ཀྱང་ད་ལྟའི་ཆར་དམིགས་བསལ་ཚེས་ཆ་ཐུགས་གཏན་འཁེལ་གནང་མེད་པ་རེད། དེ་ནས་རིམ་བཞིན་ཕྱི་ཟླ་བརྒྱད་པའི་ཚེས་ཤར་ལ་ལ་དཱགས་ཀྱི་རྒྱལ་ས་སླེ་ཁུལ་ཉིན་གྲངས་གསུམ་རིང་གསུངས་ཆོས་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་རྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག