༧གོང་ས་མཆོག་གིས་ལྐོག་ཟའི་བྱ་སྤྱོད་ལ་སྐྱོན་བརྗོད།
2012.09.11
དེ་ཡང་རེས་གཟའ་མིག་དམར་ཉིན་སྔ་དྲོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིའི་Ramakrishna དུ་ཚོགས་པའི་འཛམ་གླིང་ཞི་བདེ་དང་། འཆམ་མཐུན་བསྐྲུན་ཐབས་ཀྱི་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་ཡོད་ཅིང༌། སྐབས་དེར་༧གོང་ས་མཆོག་གིས་བཀའ་གནང་དོན། རྒྱ་གར་མི་དམངས་ནི་ཆོས་དད་ཆེན་པོ་ཡོད་པ་དང་། བློ་ཕམ་དགོས་པ་ཞིག་ལ་རྒྱ་གར་རྒྱལ་ཁབ་དེའི་ནང་ལྐོག་ཟའི་བྱ་སྤྱོད་མང་པོ་ཡོང་གི་འདུག ངོས་རང་ཉེ་ཆར་ལ་དྭགས་ཁུལ་དུ་བསྐྱོད་པའི་སྐབས། མི་ཚོས་བཤད་རྒྱུར། རྒྱ་གར་གཞུང་གིས་མི་དམངས་ལ་རྒྱ་གར་གྱི་སྒོར་མོ་བརྒྱ་སྤྲད་ཡོད་ན། མཐའ་མར་མི་དམངས་ཀྱི་ལག་ཏུ་འབྱོར་སྐབས་སྒོར་མོ་བཅུ་ལས་ཐོབ་ཀྱི་མེད་པ་དང༌། དེ་འཕྲོས་ཀྱི་སྒོར་མོ་བརྒྱ་བཅུ་བར་ལ་ལྐོག་ཟ་བྱེད་ཀྱི་ཡོད་པའི་གནས་ཚུལ་བཤད་བྱུང་བས། གནས་ཚུལ་དེ་ནི་ཧ་ཅང་གི་བློ་ཕམ་སྐྱེས་དགོས་པ་ཞིག་རེད། རྒྱ་གར་མི་དམངས་ནི་ཆོས་དད་ཧ་ཅང་ལྡན་པ་ཞིག་དང༌། དཀོན་མཆོག་ལ་བརྩེ་གཅིག་ཏུ་དད་པ་ཞུ་མཁན་ཞིག་རེད། རྒྱ་གར་མི་འབོར་མང་ཆེ་བ་ནི་དབུལ་བོར་གནས་པའི་དཀའ་ངལ་དེ་ནི་རྒྱ་གར་གྱི་དཀའ་ངལ་གཙོ་བོ་ཞིག་ཏུ་མུ་མཐུད་ནས་གནས་ཡོད་པས། རྒྱ་གར་མི་དམངས་ཚོས་ངེས་པར་དུ་བསམ་བློ་ཡག་པོ་གཏོང་དགོས་པ་ཡིན། ལྐོག་ཟ་བྱེད་པ་དང་ཆོས་གཉིས་ནི་བལྟ་བ་དང་སྤྱོད་པ་གཉིས་ཀའི་ཐོག་ནས་འགལ་ཟླ་ཡིན་ཅེས་གསུངས་འདུག