གསེར་རྟ་ནས་བོད་མི་ཞིག་འཛིན་བཟུང་བྱས་འདུག
2012.06.19
ཕྱི་ཚེས་༡༩ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་དོན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཁོངས་ནས། ན་གཞོན་མིང་ལ་བསམ་གྲུབ་ཟེར་བ་ཞིག་ས་གནས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པས་ ༢༠༡༢ ཟླ་ ༦ ཚེས་ ༡༣ ཉིན་གློ་བུར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག གནས་ཚུལ་ལྟར་ན། ཁོང་འཛིན་བཟུང་རྗེས་ས་གནས་གང་དུ་བཀག་ཉར་བྱས་ཡོད་སོགས་གནས་ཚུལ་ཁ་གསལ་མེད་པ་དང་། བསམ་གྲུབ་ལགས་ནི་ད་ལྟ་རང་ལོ་ ༣༡ ཙམ་དུ་སོན་ཡོད་པར། ཕ་མིང་ལ་བསོད་རྒྱལ་དང༌། གསེར་རྟ་རྫོང་ཁོངས་མགོན་མཆོག་སྡེ་བ་ནས་ཡིན་པ་རེད་འདུག
གསེར་རྟ་རྫོང་ཁོངས་སུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་སྔ་རྗེས་སུ་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བསྟུན་མར་སྤེལ་བའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ལོར་མུ་མཐུད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བའི་སྐབས་བོད་མི་ཞི་རྒོལ་བར་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མི་ཞི་རྒོལ་བ་དམར་བསད་བཏང་བའི་གནས་ཚུལ་ཡང་བྱུང་ཡོད། གནས་ཚུལ་ནང་མུ་མཐུད་འཁོད་དོན། ད་དུང་གསེར་རྟ་རྗོང་ནས་བོད་མི་གཡུ་སྦྲང་ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་ཀྱང་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མེད་པ་རེད།