བོད་ཀྱི་དུས་སྟོན་ཞེས་ཉིན་གསུམ་ལ་བྱེད་སྒོ་སྤེལ་འདུག
2013.02.05
དེ་ཡང་དུས་སྟོན་དེ་ཕྱི་ཟླ་གཉིས་པའི་ཚེས་༤ རེས་གཟའ་ཟླ་བའི་ཉིན་Majaraja Sayajirao གཙུག་ལག་སློབ་གྲྭའི་ནང་གྲོང་ཁྱེར་Barada ནང་གི་བོད་པའི་སློབ་ཕྲུག་མཐུན་ཚོགས་ཀྱིས་ ཉིན་གསུམ་རིང་གོ་སྒྲིག་ཞུས་ཡོད་པ་དང་། བགྲོ་གླེང་གི་ལྷན་ཚོགས་དེའི་ནང་རྒྱ་གར་བ་དང་། བོད་པའི་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་༢༠༠ ལྷག་མཉམ་ཞུགས་གནང་ཡོད་ཅིང༌། གཏམ་བཤད་གནང་མཁན་གྱི་ཁོངས་སུ་རྒྱ་གར་དང་བོད་པའི་ཤེས་ལྡན་པ་དང་། ཆེད་ལས་པ་གདན་ཞུ་གནང་ཡོད་བའི་ནང་རྒྱ་གར་གྱི་ཆབ་སྲིད་ཞིབ་འཇུག་པ་དང༌། རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་ཆུ་བོ་རྟ་མཆོག་ཁ་འབབ་འགྱུར་ལྡོག་གི་རྒྱུ་རྐྱེན་ཞེས་པའི་དཔེ་དེབ་རྩོམ་བྲིས་པ་སྐུ་ཞབས་Damoda ལགས་ཕེབས་ནས་རྒྱ་གར་དང་། བོད་ཀྱི་འབྲེལ་ལམ། རྒྱ་ནག་གཞུང་གིས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཉེན་ཁ་ཇི་ལྟར་བཟོ་གི་ཡོད་པའི་སྐོར་གཏམ་བཤད་གནང་བ་དང༌། ད་དུང་རྒྱ་གར་གྱི་ཆབ་སྲིད་ཚན་པའི་འགན་འཛིན་སྐུ་ཞབས་P.M Patal ཡིས། རྒྱ་གར་དང་བོད། རྒྱ་ནག་བར་སེལ་མ་ཐུབ་པའི་དཀའ་ངལ་གྱི་གནད་དོན་དང༌། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་དེ་དག་བརྒྱུད་ནས་རྒྱ་གར་དུ་ཉེན་ཁ་ཇི་ལྟར་བཟོ་གི་ཡོད་པའི་སྐོར། དེ་བཞིན་ཆབ་སྲིད་ཚན་པའི་མཁས་དབང་སྐུ་ཞབས་Lajwanti Chatani ཡིས། བོད་ལ་རང་སྐྱོང་མ་ཡིན་པའི་ཐབས་ལམ་གཞན་འཚོལ་ཐབས་སྐོར་སོགས་གཏམ་བཤད་གནང་ཡོད་པ་རེད། བོད་པའི་སྐུ་ཚབ་ཁོངས་ནས་གཏམ་བཤད་གནང་མཁན་གྱི་གྲས་སུ་བོད་མི་དམངས་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བོད་ནང་དུ་རང་ལུས་མེ་བསྲེག་གཏོང་བའི་དོན་རྐྱེན་དང་གནས་སྟངས་ཛ་དྲག་ཏུ་འགྲོ་བའི་རྒྱུ་རྐྱེན་སྐོར་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་སྲིད་དང་དྲིལ་བསྒྲགས་ལས་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་གིས་ཨེ་ཤི་ཡའི་མངའ་ཁུལ་ནང་བཟང་ངན་གྱི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པའི་སྐོར་བཅས་ཡིན་པ་རེད། བོད་ཀྱི་དུས་སྟོན་ཉིན་གསུམ་དེའི་རིང་ལ་ད་དུང་བོད་ཀྱི་རིག་གཞུང་དང༌། ལོ་རྒྱུས་འགྲེམ་སྟོན་བྱ་རྒྱུ་མ་ཟད། རྒྱ་གར་སློབ་ཕྲུག་ཀྱིས་བོད་ཀྱི་ཐོག་ལ་ཞིབ་འཇུག་བྱས་པའི་ཡིག་ཆ་ཁག་སྒྲོག་སྦྱང་བྱ་རྒྱུ། བསྟན་འཛིན་ནོར་བུ་ལགས་ཀྱིས་མཉམ་ཞུགས་གནང་བའི་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ལ་ཟུར་དུ་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།