གསེར་རྟ་ནས་བོད་དོན་སྐད་འབོད་བྱས་འདུག
2013.01.28
ལྷ་མོ་སྐྱབས་ཀྱིས་འདི་གར་གནས་ཚུལ་བཏང་དོན། ཚེས་༢༧ཉིན་གྱི་སྔ་དྲོར་བོད་ དཀར་མཛེས་ཁུལ་གསེར་རྟ་རྫོང་སྟག་རྩ་ཡུལ་ཚོ་རྐང་ཚ་སྡེ་བའི་རང་ལོ་༢༢ ཡིན་པའི་གྲྭ་ཕུན་ཚོགས་འབྱུང་གནས་སམ་ཀུན་མཁྱེན་གྱིས་གསེར་རྟ་རྫོང་ཐོག་གི་གསེར་རྟའི་ཐང་ཆེན་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། སྐད་འབོད་སྐབས་ཁོང་གིས་རྒྱལ་དབང་ཡིད་བཞིན་ནོར་བུ་ཁྲི་ལོར་བརྟན་པར་ཤོག་ཅེས་རླུང་རྟ་དགུང་ལ་གཏོར་བཞིན་སྐད་འབོད་གནང་ཡོད་འདུག་ལ། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་འབྱོར་ནས་གཅར་རྡུང་གཏོང་བཞིན་ཁོང་ལ་མགོ་རས་ནག་པོ་གཡོག་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
དགེ་འདུན་པ་ཀུན་མཁྱེན་ལགས་ནི་བཀྲ་ཤིས་དགེ་འཕེལ་གླིང་དགོན་པའི་གྲྭ་བ་ཡིན་པ་དང་། ཁོང་གི་ཕ་མིང་ལ་བློ་ཤེར་དང་མ་མིང་ལ་ཕྱུག་པོ་ཞུ་བཞིན་ཡོད་འདུག