ལྷ་སའི་ཞོ་སྟོན་རིང་རྒྱ་ནག་གཞུང་གིས་དམ་དྲག་དང་སློབ་གསོ་སྤེལ་འདུག


2019.09.05
ལྷ་སའི་ཞོ་སྟོན་སྐབས། ༢༠༡༩།༩ ལྷ་སའི་ཞོ་སྟོན་སྐབས། ༢༠༡༩།༩
བོད་འབྱོར།

ལྷ་སར་ཞོ་སྟོན་དུས་ཆེན་རིང་དམ་དྲག་དང་དགོན་སྡེ་ཁག་ནང་ཚད་གཞི་བཞིར་སྲུང་བརྩི་དང་སྔོན་ཐོན་གྱི་གྲྭ་བཙུན་བྱེད་རྒྱུར་འབད་བརྩོན་ཟེར་བའི་སློབ་གསོ་སྤེལ་ཡོད་འདུག
བོད་ཀྱི་རྒྱལ་ས་ལྷ་སར་སྤྱི་ཟླ་༨་ཚེས་༣༠་ཉིན་དང་བོད་ཟླ་བདུན་པའི་གནམ་གང་ནས་སྲོལ་རྒྱུན་བོད་གྱི་ཞོ་སྟོན་དུས་ཆེན་དབུ་བཙུགས་ཞུས་ཤིང་། དེའི་རིང་ལྷ་སའི་ནང་དམིགས་བསལ་གྱིས་དམ་བསྒྲགས་ཆེ་བ་ཡོད་པ་རེད། ལྷ་སའི་གྲོང་མི་དང་ཞོ་སྟོན་རིང་བོད་ཀྱི་ས་ཁུལ་གཞན་དང་། རྒྱ་ནག་ནས་ཡོང་མཁན་ཡུལ་སྐོར་བ་སོགས་ཚང་མ་གང་སར་བཙུགས་ཡོད་པའི་ཞིབ་བཤེར་ས་ཚུགས་བརྒྱུད་དགོས་ཀྱི་ཡོད་འདུག གཞུང་ཕྱོགས་ཀྱི་བརྒྱུད་ལམ་ནས་སྤེལ་བའི་གནས་ཚུལ་དང་ཕྱི་ཚུལ་ནས་བལྟས་ན་མི་ཚོགས་མང་ལ་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་རུང་། གང་སར་དྲག་ཆས་སྤྲས་པ་དང་དྲག་ཆས་མ་སྤྲས་པའི་ཉེན་རྟོག་མི་སྣ་ཕོན་ཆེན་མངགས་གཏོང་བྱས་ཏེ་སྟངས་འཛིན་འོག་གནས་མུས་དང་། ལྷ་སའི་གྲོང་མིས་པར་ཆས་དང་ཉེན་རྟོག་དམག་མིས་བསྐོར་ནས་ཡོད་པའི་རྣམ་པ་འདིའི་ནང་ཞོ་སྟོན་ལ་རོལ་བའི་དགའ་ཚོར་ཡོང་གི་མེད་པའི་ཐོག་བོད་ཀྱི་སྲོལ་རྒྱུན་ཞོ་སྟོན་གཏོང་སྲོལ་གྱི་རྣམ་པར་རིམ་པས་འགྱུར་བ་འགྲོ་བཞིན་པ་བརྗོད་ཀྱི་ཡོད།   
ད་དུང་ད་ལྟ་བོད་ཀྱི་དགོན་སྡེ་ཁག་ནང་གཞུང་གི་ལས་བྱེད་པ་དང་སློབ་མ་ཚོ་མཆོད་མཇལ་དུ་སྐྱོད་ཆོག་གི་མེད་པ་དང་། རང་ཁྱིམ་གྱི་སྒོ་ནས་ཐོན་པ་ནས་བཟུང་རང་ཁྱིམ་དུ་ཚུར་མ་ལོག་བར་གང་སར་བཙུགས་པའི་པར་ཆས་ཀྱིས་བོད་མི་རེ་རེའི་ཕར་འགྲོ་ཚུར་འོང་གི་གནས་སྟངས་ལ་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པས། བཙོན་རྭ་ལྟབུའི་དམ་དྲག་ཡོད་པའི་ས་གནས་སུ་འཚོ་བ་སྐྱེལ་མཁན་བོད་མི་ཚོས་རྣམ་པ་དེ་རིགས་རྒྱུན་ལྡན་ལྟར་ཆགས་ནས་ཡོད་པ་ཞོ་སྟོན་དུས་ཆེན་མཇུག་བསྒྲིལ་བའི་མཚམས་ལ་བརྗོད་མཁན་ཡོད་པ་དང་། དེ་མིན་བོད་མིའི་རྒྱུན་ལྡན་འཚོ་བར་དམ་བསྒྲགས་བྱེད་པའི་རྣམ་པ་ཞིག་ནི་བོད་རང་སྐྱོང་ལྗོངས་ཟེར་བ་འདིའི་ནང་རྣོ་ངར་གྱི་དུས་སྐབས་སུ། གལ་ཏེ་གཟའ་སྤེན་པ་ཉི་མ་འཁེལ་ཡོད་ན་སློབ་གྲྭ་སོགས་མང་པོ་ཞིག་གུང་གསེང་མེད་པ་བཟོ་ཡི་ཡོད་པ་དཔེར་ན། འདི་ལོའི་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཉིན་མོ་དེ་རེས་གཟའ་ཉི་མ་དང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དེ་རེས་གཟའ་སྤེན་པའི་ཉིན་འཁེལ་ཡོད་དུས་གུང་གསེང་ཡང་མེད་པ་བཟོས་པ་སོགས་ཀྱི་དམ་བསྒྲགས་བྱ་ཐབས་སྤེལ་ཀྱི་ཡོད་འདུག
གཞན་ཡང་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ནས་ཀྱང་འབྲེལ་ཡོད་དཔོན་རིགས་ཀྱིས་དགོན་པ་དང་ཞོ་སྟོན་དུས་ཆེན་གྱི་མི་ཚོགས་མང་སར་བསྐྱོད་ནས་བདེ་འཇགས་འགན་ལེན་དང་ལས་དོན་རྟོགས་ཞིབ་བྱས་པའི་གནས་ཚུལ་སྤེལ་ཡོད།
དེ་བཞིན་ཞོ་སྟོན་རིང་ལྷོ་ཁར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་ནང་ཚད་གཞི་བཞིར་སྲུང་བརྩི་དང་སྔོན་ཐོན་གྱི་གྲྭ་བཙུན་བྱེད་རྒྱུར་འབད་བརྩོན་ཟེར་བའི་སློབ་གསོ་སྤེལ་ཡོད་ཅིང་། ཉིན་གཉིས་རིང་ཚད་གཞི་བཞི་ཟེར་བའི་སློབ་གསོའི་ཐོག་གཙོ་བོ་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་སུ་ཡོད་པའི་དགོན་སྡེ་ཁག་ནང་ལག་བསྟར་བྱེད་བཞིན་པ་དེར་བགྲོ་གླེང་ཡང་བྱེད་དུ་བཅུག་འདུག ཚད་གཞི་བཞི་ཟེར་བ་ནི། རྒྱ་ཆེའི་གྲྭ་བཙུན་ཚོས་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་བློ་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་དགོན་པ་ཚང་མའི་ནང་སྤེལ་བཞིན་པའི་སློབ་གསོ་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་དམར་པོའི་གཞུང་ལ་བློ་གཏད་བརྟན་པོ་བཟུང་རྒྱུ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགྲ་བོར་ངོས་འཛིན་གྱིས་རྒྱུན་དུ་རྒྱ་ནག་གིས་ཏཱ་ལའི་རུ་ཚོགས་ཟེར་བར་ཁ་གཏད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་རྒྱུ་སོགས་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་ལ། བོད་མའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་དེང་སྐབས་བོད་ཀྱི་ས་ཁུལ་གང་སའི་ནང་སྤྱི་ཚོགས་བརྟན་ལྷིང་དང་ནག་ཚོགས་གཙང་སེལ་ཟེར་བའི་ལས་འགུལ་མི་འདྲ་བའི་མིང་གི་འོག་བོད་མིའི་འགྲོ་སྡུག་སྤྱོད་གསུམ་གྱི་གནས་བབས་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎