བོད་རྒྱ་གྲོས་མོལ་ཨཡི་སི་ལེནཊ་གནང་ན་འགྲིགས།
2013.12.03
གྲོས་མོལ་སླར་གསོ་དང་མ་འོངས་བོད་རྒྱ་གྲོས་མོལ་ཨཡི་སི་ལེནཊ་གནང་ན་འགྲིགས་པ་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་འབོད་སྐུལ་གནང་འདུག
དེ་ཡང་ཟླ་བ་སྔོན་མའི་ཚེས་ ༢༩ ཉིན་ཨསེ་ལན་ཊའི་རི་ཝུ་ཞེས་པའི་གསར་ཤོག་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨསེ་ལན་ཊའི་སྲིད་བློན་ Sigmundur Davio Gunnlaugsson ཡིས་དབུ་འཁྲིད་པའི་གཞུང་འཛིན་ཡར་ཐོན་ཚོགས་པ་མ་གཏོགས་ཡུལ་དེའི་ཆབ་སྲིད་ཚོགས་པ་གཞན་ཡོངས་རྫོགས་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གྲོས་ཚོགས་ནང་ཁྲིམས་གཞིའི་གྲོས་ཆོད་གྲོས་འཆར་ཞིག་འདོན་སྤེལ་གནང་བའི་ནང༌། བོད་ནང་གི་བོད་མི་ཚོའི་ཐོག་རྒྱ་ནག་གཞུང་གིས་དམ་དྲག་དང་། སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་མིས་ཞི་བའི་ངོ་རྒོལ་ཐོག་ལའང་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་དེ་དག་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱིས་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་ཡོད་པ་ལྟར། ཨསེ་ལེནཌ་གྲོས་ཚོགས་ཀྱིས་ཀྱང་རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་སྐྱོན་བརྗོད་བྱེད་དགོས་པའི་གྲོས་གཞི་གྲོས་འཆར་ཞིག་སྟོན་ཡོད་པ་དང༌། གྲོས་གཞི་གྲོས་འཆར་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱ་ཆེད། ད་བར་བོད་མི་བརྒྱ་དང་ཉི་ཤུ་རྩ་གཉིས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་ཡོད་པ་ནི་ཆེས་བློ་འཚབ་སྐྱེ་གཞི་ཞིག་ཡིན་པར་སོང༌། དེ་ལྟབུའི་སྡུག་རྩུབ་ཀྱི་སྲིད་བྱུས་དེ་དག་དྲང་པོ་མིན་པའི་ཐེར་འདོན་བྱེད་དགོས་པ་ནི་ང་ཚོའི་ལས་འགན་ཞིག་ཡིན་པ་དང༌། བོད་མིའི་ཐོག་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཐབས་སུ་ རྒྱ་ནག་གཞུང་གིས་གོང་ས་ཏྭ་ལའི་བླ་མའི་སྐུ་ཚབ་དང་། ཡང་ན་ཐད་ཀར་གྲོས་མོལ་བསྐྱར་གསོ་གནང་དགོས་པ་མ་ཟད། འབྱུང་འགྱུར་གྱི་གྲོས་མོལ་དེ་དག་ཨསེ་ལེནཊི་ནང་བསྐྱང་ན་འགྲིག་འཐུས་ཡོད་པ་སོགས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་གནང་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།