གཞོན་སྐྱེས་སྒྱུ་རྩལ་བ་སོག་ཕྲུག་ཤེས་རབ་འཛིན་བཟུང་།
2012.09.25
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་ བོད་ནང་གི་ན་གཞོན་སྒྱུ་རྩལ་བ་སོག་ཕྲུག་ཤེས་རབ་གློ་བུར་ཟླ་འདི་སྤྱི་ཚེས་༢༠་ཉིན་གྱི་ཕྱི་དྲོའི་ས་གནས་ཀྱི་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་ཧེ་ནན་སོག་རྫོང་གི་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་། འོན་ཀྱང་འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་དང་། འཛིན་བཟུང་གིས་གང་དུ་ཁྲིད་ཡོད་མེད་སོགས་གནས་ཚུལ་ཁ་གསལ་མེད་ཀྱང་ས་གནས་སུ་ཚོད་དཔག་གིས་བཤད་བཞིན་པ་ལྟར་ན། ཁོང་གིས་ནམ་རྒྱུན་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་སྐྱིད་སྡུག་གནས་སྟངས་མང་པོ་གཞས་དང་སྒྱུ་རྩལ་བཞད་གར་སོགས་ཀྱི་ལམ་ནས་གསལ་སྟོན་བྱེད་ཀྱི་ཡོད་པའི་རྐྱེན་ཡིན་པ་ཚོད་དཔག་བྱེད་བཞིན་པ་ལས་གསལ་བོ་མེད་པ་རེད་འདུག
གཞས་པ་སོག་ཕྲུག་ཤེས་རབ་གྱིས་ལོ་རབས་དགུ་བཅུ་ནས་ནས་གླུ་དང་རྡུང་ལེན། བཞད་གར་དང་གཏམ་བརྗོད་སོགས་འཁྲབ་སྟོན་གང་མང་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཏམ་རྒྱུད་གྲགས་ཆེན། གྲུབ་ཐོབ་ཅཱི་ཀུང་ཟེར་བ་སོགས་འཁྲབ་སྟོན་བྱས་ཏེ། བོད་རིགས་རྒྱ་ཆེའི་གཟིགས་མཁན་དང་གསན་མཁན་རྣམ་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང༌། ལྷག་དོན་དེ་སྔོན་བོད་ཀྱི་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འོས་འདེམས་དང་འབྲེལ་བའི་མོ་བ་རེ་བ་ཁ་ཞེས་བའི་གར་ཆུང་ཡང་འཁྲབ་ཡོད་འདུག