སུད་སི་ནས་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ།
2012.08.02
༄༅། །དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་ལྟར་ན། ཁ་སང་རེས་གཟའ་ལྷག་པ་ལྷ་དཀར་ཉི་མོ་སྲུང་བརྩི་ཞུས་པའི་དུས་ཚིག་དང་བསྟུན། སུད་སིའི་གྲོང་ཁྱེར་ཛུ་རིག་གི་བདེ་འཇགས་བློན་ཆེན་མཆོག་ནས་གསུངས་བཤད་གནང་ཡོད་པའི་ནང་། བོད་མི་ཚོས་སོ་སོའི་སྐད་དང་ཡི་གེ། རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་འཐབ་རྩོད་བྱེད་བཞིན་པ་དེར་རྒྱ་ནག་གཞུང་ནས་ཁ་བྲལ་གྱི་བྱ་སྤྱོད་ཡིན་ལུགས་ཉེས་འཛུགས་བྱེད་ནས་དྲག་གནོན་བྱེད་ཀྱི་ཡོད་རེད། དེ་ནི་འོས་ཤིང་འཚམས་པ་ཞིག་མ་རེད། ཅེས་དང་། བོད་མི་རྣམས་སྲིད་པ་ཆགས་པ་ནས་བཟུང་རང་གི་སྐད་དང་ཡུལ་སྲོལ་གོམས་གཤིས། རིག་གཞུང་སོགས་ཟུར་དུ་ཡོད་པའི་མི་རིགས་ཤིག་ཡིན་སྐོར་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་ནས་བོད་རྒྱ་གཉིས་ཀྱི་དཀའ་ངལ་དེ་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད། ཁོང་གིས་ད་དུང་། གནད་དོན་དེའི་ཐད་བཀའ་ཤག་གསར་པའི་ལྷན་དུ་ཞི་འགྲིགས་ཀྱི་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། ཁོང་གིས་མུ་མཐུད། ང་ཚོ་ཕྱི་ཕྱོགས་ནས་བོད་ཀྱི་དངོས་ཡོད་གནས་སྟངས་གསལ་པོ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་བོད་དོན་བདེན་མཐའ་མ་སེལ་གྱི་བར་དུ་བོད་དོན་རྒྱབ་སྐྱོར་མུ་མཐུད་ནས་གནང་རྒྱུའི་ཆོད་སེམས་གཏན་པོ་ཡོད། ཕྱོགས་མཚུངས་བོད་མི་ཚོའི་ངོས་ནས་ཀྱང་རིག་པ་བསྒྲིམས་ནས་འཐབ་རྩོད་བྱེད་དགོས་ཅེས་གསུངས་འདུག།