དོན་དམ་གྱི་ཞི་བདེ་བསྐྲུན་ཆེད་དངོས་སུ་ལས་དོན་སྤེལ་དགོས།

༧གོང་ས་མཆོག་གིས་ཨ་རིར་འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་བསྐྲུན་ཆེད་དངོས་སུ་ལས་དོན་སྤེལ་དགོས་པའི་སྐོར་བཀའ་གནང་ཡོད་པ་དང་། ཨ་མི་རི་ཀར་ཉིན་གྲངས་༡༣རིང་གི་མཛད་འཕྲིན་སྐྱོང་བཞིན་པ་རེད།

2012.10.09

རེས་གཟའ་ཟླ་བ་ཕྱི་ཚེས་༨ ནས་ཨ་མི་རི་ཀའི་Syracuse གཙུག་ལག་སློབ་གྲ་ཆེན་པོའི་ནང་དཀྱིལ་ཤར་ཨེ་ཤེ་ཡའི་ཞི་བདེའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ནང་མཉམ་ཞུགས་ཀྱི་ཐོག་ནས་དབུ་འཛུགས་གནང་འདུག སྐབས་དེ་དུས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་བསྐྲུན་པའི་ཆེད་དུ་ངག་ནས་གཏམ་བཤད་ཙམ་དུ་མིན་པའི་དངོས་སུ་ཞི་བདེའི་ཆེད་དུ་ཕྱག་ལས་གནང་དགོས་པའི་སྐོར་བཀའ་གནང་འདུག ༧གོང་ས་མཆོག་གིས་བཀའ་གནང་དོན་གཙོ་བོ་ ཞི་བདེ་གནམ་ནས་་འཐོབ་རྒྱུ་མེད་པ་དང་། སྨོན་ལམ་ཁོ་ནས་སྒྲུབ་ཐུབ་ཀྱི་མེད་པ་དང་དོན་དམ་གྱི་ཞི་བདེ་བསྐྲུན་པའི་ཆེད་དངོས་ཡོད་གནད་དོན་ཤེས་པའི་ཐོག་ནས་ལས་ཀ་བྱེད་དགོས་པའི་སྐོར་བཞུགས་མོལ་ཚོགས་བཅར་བ་ནན་བརྗོད་གནང་འདུག  དེ་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་༢༡་ འདི་བཞིན་པའི་ཞི་བདེའི་དུས་རབས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་ ལྷག་དོན་དུ་ན་གཞོན་རྣམས་ཀྱིས་དུས་རབས་༢༡ནང་ཞི་བདེ་བསྐྲུན་པའི་ཆེད་དུ་ཕྱག་ལས་གནང་དགོས་པའི་སྐོར་བཀའ་གནང་འདུག  ཐེངས་འདིའི་ཞི་བདེའི་བཞུགས་མོལ་ཚོགས་འདུ་འདི་ཐོག་ཨ་མི་རི་ཀའི་གསང་བའི་ལས་ཁང་ CIA གྱི་ངེས་སྟོན་པ་ཟུར་པ་ R. James Woolsey དང་། མཉམ་འབྲེལ་རྒྱལ་ཚོགས་ནང་གི་ཨ་མི་རི་ཀའི་གཞུང་ཚབ་ཟུར་པ་ Andrew Young,  མི་རིགས་ནག་པོའི་དབུ་ཁྲིད་འདས་པོ་ Martin Luther King གྱིས་སྲས་བགྲེས་པོ་ Martin Luther King 111 དང་ ཞི་བདེའི་གཟེངས་རྟགས་བཞེས་མཁན་ Dr. Mohammad ElBaradei དང་ Shirin Ebadi དང་ རྩོམ་བྲིས་པ་ Irshad Manji བཅས་བཞུགས་མོལ་ལྷན་ཚོགས་ནང་མཉམ་ཞུགས་གནང་ཡོད་པ་རེད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀ་མངའ་སྡེ་ནིའུ་ཡོཀ་ནང་རྟེན་གཞི་བྱེད་པའི་ སེ་ར་ཀྱུསི་མཐོ་རིམ་གཙུག་ལག་སློབ་གྲྭའི་ནང་ཉིན་གཉིས་རིང་འཛམ་གླིང་ནང་ཞི་བདེ་གོང་འཕེལ་ཆེད་དམིགས་པའི་རླབས་ཆེན་གྱི་མཛད་འཕྲིན་དུ་མ་ཞིག་སྐྱོང་གནང་མཛད་བཞིན་ཡོད་པ་ནས།  ཁ་ས་ཕྱི་ཟླ་བཅུ་པའི་ཚེས་ ༨ ཉིན་གཙོ་བོ་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་འཕྲད་བཞིན་པའི་འཁོན་འཁྲུག་གི་གནད་དོན་དང་འབྲེལ་བའི་སྐོར་གྱི་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་ཅིང༌།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གོ་ལའི་གཅིག་གྱུར་གྱི་རང་བཞིན་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ཆེ་བའི་དངོས་ཡོད་གནས་སྟངས་འདིའི་འོག་གཞན་གྱི་བདེ་བ་དོན་གཉེར་བྱ་རྒྱུ་དེ་ནི་རང་ཉིད་འཚོ་ཐབས་ཀྱི་ཐབས་ལམ་བཟང་ཤོས་དེ་ཡིན་པ་བཀའ་གནང་པ་དང༌། ཞི་བདེ་འབྱུང་བའི་ཐབས་ལམ་བཟང་ཤོས་ཀྱང་དེ་ཡིན་པ་བཀའ་ཡོད་པ་རེད།

ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཞི་བདེ་ཞེས་པ་དེ་ནི་འཚེ་བ་མེད་པ་ཙམ་ལ་བརྗོད་ཀྱི་མེད་ཅིང༌། ཞི་བདེ་ཞེས་པ་ནི་གཞན་ལ་ཕན་སེམས་ལྡན་པའི་ཀུན་སློང་བཟང་པོ་ཞིག་ལ་གོ་དགོས་པ་དང༌། དེ་ནི་གནམ་ནས་བབས་པ་ལྟ་བུ་མིན་པར་རང་རང་སོ་སོའི་བྱ་སྤྱོད་དང་བསམ་པའི་ཐོག་ནས་ཡོང་དགོས་པ་བཀའ་གནང་ཡོད་པ་རེད།

བགྲོ་གླེང་གི་ཚོགས་འདུ་དེའི་ནང་མཉམ་ཞུགས་གནང་མཁན་གྱི་གྲས་སུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་པ་ཟུར་པ་སྐུ་ཞབས་ R. James Woolsy Jr. དང་ ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ Andrew Young, ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ལས་དོན་ལྷན་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ Mohamed Elbaradei དང་ ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་ལྕམ་ Shirin Ebadi, རྩོམ་པ་པོ་ལྕམ་ཨིར་ཤཱརྡ་ མན་ཇི་སོགས་ཡོད་པ་རེད།

གཟའ་མིག་དམར་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་གི་དཀའ་རྙོག་ཁག་བགྲོ་གླེང་དང་བྱམས་བརྩེ་ལྡན་པའི་སྒོ་ནས་སེལ་ཐབས་དང་འབྲེལ་བའི་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་དང༌། དེ་རྗེས་ཕྱི་དྲོ་ ཞི་བདེའི་ཆེད་ཐོུང་གི་ས་ལམ་ཞེས་འབོད་པའི་རོལ་གཞས་འདུ་འཛོམས་ཀྱི་ཐོག་ཆིབས་བསྒྱུར་སྐྱོང་གནང་མཛད་དེ་་ སེ་ར་ཀྱུསི་མཐོ་སློབ་ནང་གི་མཛད་འཆར་ཁག་ལེགས་གྲུབ་མཛད་རྒྱུ་ཡིན་པ་རེད།  ཐེངས་འདིའི་རོལ་གཞས་འདུ་འཛོམས་ཀྱི་ཐོག་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་རོལ་གཞས་པ་ Dave Mathews དང་Counting Crows, Nas, Cyndi Lauper, A R Rehman, དེ་བཞིན་ཨཕྷ་གྷནིསི་ཐན་གྱི་སྐད་སྒྲ་ཞེས་པའི་རོལ་དབྱངས་ཚོགས་པ་དང༌། བོད་མིའི་ཁོངས་ནས་མཇར་མན་དུ་བཅའ་བཞུགས་རྟའུ་བློ་བཟང་དཔལ་ལྡན་སོགས་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎