འབར་ཁམས་ལ་རང་ལུས་མེར་བསྲེཊ་དང་འདས་གྲོངས།

དེ་རིང་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་། རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བློ་འཛིན་གྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་མཐར་སྐུ་གྲོངས་ཡོད་འདུག

2012.07.17

བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང༌། སྐུ་ཞབས་བློ་བཟང་བློ་འཛིན་ལགས་ཀྱིས། སྐུ་ལུས་ལ་མེ་སྤར་བ་དང་མཉམ་དུ་སྐད་འབོད་མང་པོ་ཞིག་བྱས་ཡོད་ཀྱང་འབོད་ཚིག་ཀྱི་ནང་དོན་ཇི་ཡིན་གསལ་པོ་ཤེས་རྟོགས་ཐུབ་མེད་ཅིང༌། འོན་ཀྱང་ཀིརྟི་དགོན་པའི་དགེ་འདུན་པ་ཚོས། སྐུ་ཞབས་བློ་བཟང་བློ་འཛིན་ལགས་ཀྱི་སྐུ་ཕུང་བདག་ཉར་གནང་སྟེ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་བསྒྲུབ་དང་སྒྲུབ་མུས་ཡིན་པ་དང༌། དགེ་འདུན་པ་ཚོས་ཁོང་གི་སྐུ་ཕུང་དོ་དགོང་མཚན་ལ་ཞུགས་འབུལ་གནང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐོར་གསུང་ཡོད་པ་རེད། ད་དུང་དོན་རྐྱེན་དེ་ཐོན་པའི་རྗེས། འབར་ཁམས་རྫོང་ནས་དྲག་ཆས་ཉེན་རྟོག་པ་སོགས་མང་པོ་ཞིག་ཚོ་བདུན་ཀིརྟི་དགོན་པའི་ཕྱོགས་སུ་ཡོང་གི་ཡོད་ཀྱང༌། ཚོ་བདུན་མི་དམངས་ཀྱིས་ཚོ་བདུན་ཟམ་པ་ནས་བཀག་འགོག་བྱེད་རྒྱུའི་གྲ་སྒྲིག་བྱས་ཏེ་གནས་ཡོད་པར་བརྟེན། ཉེན་རྟོག་པ་དང་མི་དམངས་བར་ལ་གདོང་ཐུག་གི་གནས་ཚུལ་ཛ་དྲག་པོ་ཡོང་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་གསུང་ཡོད་པ་རེད། སྐུ་ཞབས་བློ་བཟང་བློ་འཛིན་ལགས་ནི། འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཤང་ཤོ་ལ་ཅང་སྡེ་བའི་མཁར་མགོ་ཚང་ནས་ཡིན་ཞིང༌། ཕ་ཡི་མཚན་ལ་འབྱོར་རྒྱས་དང་མ་ཡི་མཚན་ལ་ཚེ་པོ་པོ་ཞུ་བ་ཡིན། ཁོང་ཆུང་བྱིས་པའི་དུས་ནས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ། ད་ལྟ་འཛིན་གྲྭ་ཁ་དོག་གོང་མ་སློབ་གཉེར་གནང་བའི་སྐབས་ཡིན་པ་དང༌། འཛིན་གྲྭའི་ནང་ནས་སློབ་སྦྱོང་རྩེར་གྲས་ཡིན་པ་མ་ཟད། ཀུན་སྤྱོད་ལེགས་ཤིང༌། ཡ་རབས་ཚུལ་མཐུན་གྱི་མིག་དཔེར་འོས་པ་ཞིག་ཡིན་པ་རེད། ཁོང་གི་ཁྱིམ་དུ་ད་ཆ་ནང་མི་ལྔ་ཡོད་པ་དང༌། རྒྱལ་རོང་ཀིརྟི་དགོན་པ་ནི། འབར་ཁམས་རྫོང་ཁོངས་སུ་ཡོད་པ་དང༌། འབར་ཁམས་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་༨༥ ཙམ་གྱི་མཚམས་སུ་ཡོད་ཅིང༌། དགོན་པའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲིས་ཆོས་གླིང་ཞུ་བ་དང༌། དེང་སྐབས་དགེ་འདུན་པ་ཞལ་གྲངས་༣༠༠ ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཀྱང་ཡིན་པ་རེད། དེ་སྔོན་ཕྱི་ཟླ་༣ པའི་ཚེས་༣༠ ཉིན་དགོན་པ་དེའི་དགེ་འདུན་པ་འཆི་མེད་དཔལ་ལྡན་ལགས་དང༌། བསྟན་པ་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ། འདས་གྲོངས་སུ་ཕྱིན་པ་འཁོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎