ཨུ་རུ་སུར་བོད་སྐོར་གློག་བརྙན་གསར་པ་ཞིག་གཟིཌ་འབུལ།
2013.02.07
༄༅། ། འཛམ་གླིང་གི་མཐོ་སྒང་བོད་ཅེས་པའི་བོད་སྐོར་དངོས་བྱུང་གི་གློག་བརྙན་དེ་བཞིན་ སྐུ་ཞབས་Michael Linder ཞུ་བས་བཟོ་བསྒྲིགས་གནང་བ་དང་། གློག་བརྙན་དེའི་ནང་ཨུ་རུ་སུའི་རུ་ཁག་ཅིག་ནས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་བརྒྱུད་རི་བོ་ཇོ་མོ་གླང་མ་བར་སྐོར་བསྐྱོད་གནང་བའི་སྐབས། ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་གནས་ལུགས་ཐོག་དངོས་སུ་གཟིགས་ཞིབ་བྱུང་བའི་མྱོང་ཚོར་གསལ་འདོན་བྱས་ཡོད་པས་མ་ཟད། དེ་སྔ་༡༩༥༠ཐམ་པའི་ལོར་རྒྱ་ནག་གིས་བོད་ཐོག་བཙན་འཛུལ་བྱས་པ་དང་། དེ་ནས་རིག་གནས་གསར་བརྗེ་ཆེན་མོའི་སྐབས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་ཇི་ལྟར་བཏང་བའི་བརྙན་པར་ཡང་ཕྱོགས་བསྒྲིགས་ཞུས་ཡོད་འདུག
རྒྱལ་ས་Moscow རུ་ འཛམ་གླིང་གི་མཐོ་སྒང་བོད་ཅེས་པའི་གློག་བརྙན་གཟིགས་འབུལ་དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་བོད་ཁང་དང་། སྤྲིན་དཀར་རིག་གཞུང་ལྟེ་གནས་ཁང་གཉིས་ནས་ཟུང་འབྲེལ་གོ་སྒྲིག་ཞུས་འདུག་ལ། གློག་བརྙན་གཟིགས་འབུལ་གྲུབ་མཚམས་༧གོང་ས་མཆོག་གི་སྐུ་ཚབ་ངག་དབང་རབ་རྒྱལ་ལགས་ནས་གཟིགས་མོ་བ་ཚོའི་དྲི་བར་དང་ལེན་གནང་བ་དང་འབྲེལ། བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་གསུང་བཤད་གནང་བཞག སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་ལོ་རྒྱུས་ཐོག་བོད་འདི་བཞིན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་རུང་། ད་ལྟ་བོད་མིའི་ངོས་ནས་རང་བཙན་གྱི་དགོས་འདུན་བཟུང་གི་མེད་ལ། དབུ་མའི་ལམ་གྱི་ལྟ་གྲུབ་གཞིར་བཟུང་སྟེ། བོད་ལ་དོན་སྙིང་ལྡན་པའི་རང་སྐྱོང་གི་གནས་བབ་རྩོད་ཀྱི་ཡོད་པའི་སྐོར་གསལ་འདོན་གནང་འདུག །