བསྟུད་མར་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས།

བོད་ཨ་མདོ་ཕྱོགས་སུ་ཉིན་གཉིས་ནང་བསྟུད་མར་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་འཁྲེགས་འཛིན་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད་འདུག

2012.08.07

ཟླ་འདིའི་ཚེས་༧ ཉིན་བོད་ནང་གི་ཆུ་ཚོད་ ༢།༣༠ ཙམ་ལ་ཨ་མདོ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གཙོས་དགོན་པའི་ཉེ་འདབས་སུ་བུད་མེད་སྒྲོལ་དཀར་འཚོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་སྐུ་གྲོངས་ཡོད་པ་དང་། དེ་ཡང་ཉིན་རྒྱབ་ཆུ་ཚོད་གཉིས་པ་མ་ཟིན་ཙམ་ལ་དགོན་པའི་གཡས་ངོས་གླིང་སྐོར་ལམ་གྱི་མཆོད་རྟེན་ཉེ་འགྲམ་དུ་སླེབས་སྐབས་༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོ  རང་དབང་དགོ༽སོགས་ཀྱི་སྐད་འབོད་བྱེད་ཞོར་ལྭ་ཕུད་ནས་ལུས་གཅེར་བུར་རང་ལུས་མེར་བསྒྲོན། སྐབས་དེར་སྐོར་བ་འགྲོ་མཁན་འགས་མེ་བསད་ཡོད་ཅིང་ཅུང་མ་འགོར་བར་དགོན་པའི་དགེ་འདུན་པ་ཚོ་སླེབས་ནས་གྲྭ་བ་ཚོས་དགོན་པའི་དོ་དམ་ཁང་དུ་འཁྱེར་ཡོང་ནས་སྲུང་འདུག་སྐབས་ཁྱིམ་མི་རྣམས་ཐོན་ནས། ཁྱེད་རྣམས་བཀའ་དྲིན་ཆེ། ད་དགོན་པར་གནོད་སྐྱེལ་མི་རུང་། ཕ་ཡུལ་ལ་འཁྲིད་དགོས་ཟེར། གྲྭ་བ་ཚོས་ང་ཚོས་བདག་པོ་རྒྱགས། ཁྱེད་ཚོས་མགོ་ཐོན་དཀའ་ནི་རེད་ཅེས་གྲོས་གང་མང་བྱས་མཐར། ཕ་ཡུལ་དུ་ལོག་པའི་ལམ་བར་ནས་གཤེགས་ཡོད་འདུག

གནས་ཚུལ་ལྟར་ན། ཁོ་མོའི་མིང་ལ་སྒྲོལ་དཀར་འཚོ། ལོ་༢༦ ཕ་མིང་ལ་འབྲུག་རྒྱལ་མཁར། སྐྱེས་ཡུལ་གཙོས་རྟ་གསར་སྡེ་བ་ཡིན་འདུག ཡུལ་དེའི་བར་མའི་ནང་ཞེས་པའི་སྡེ་བར་གནས་ལ་སོང་འདུག་ཅིང་བུ་བུ་མོ་གཉིས་ཀྱི་ཨ་མ་རེད། མོ་ནམ་རྒྱུན་སུའི་ཁ་ནས་བོད་དོན་སྐོར་ཐོས་པའམ་ཡང་ན་བརྙན་འཕྲིན་ནང་ནས་བོད་དོན་སྐོར་མཐོང་ཐེངས་རེ་རེར་རང་དབང་མེད་པར་མིག་ཆུ་གཏོང་མཁན་ཞིག་ཡིན་འདུག་། ཁ་སང་མོའི་ཁྱོ་གས་དགོན་པར་བསྐྱལ་ཡོང་བ་ཡིན་ལ། མདང་དགོང་སྐྱེས་ཡུལ་རྟ་གསར་དུ་སོང་ནས་ཞག་ལ་བསྡད། དེ་རིང་ཞོགས་པར་དགོན་པའི་འདུ་ཁང་དང་ལྷ་ཁང་། སྲུང་མ་ཁང་སོ་སོར་སོང་ནས་མཆོད་མཇལ་གསོལ་འདེབས་ཞིབ་རྒྱས་ཤིག་བྱས་འདུག་ཟེར། ད་ལྟ་གྲྭ་མང་གིས་སྨོན་ལམ་གསུང་བཞིན་པའི་སྒང་རེད།

ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་དོན། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཡོལ་ཙམ་ལ་ རང་ལོ་ ༢༡ ཙམ་ཡིན་པ་ མདོ་སྨད་རྔ་པ་ཀིརྟི་དགོན་པའི་སྐུ་ཞབས་ བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་ ཀིརྟི་དགོན་པའི་ཉེ་འདབས་ཀྱི་དཔའ་བོའི་སྲང་ལམ་ནས་རང་ལུས་མེར་སྲེག་གིས་བོད་ལ་རང་དབང་དང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ བོད་དུ་ཕྱིར་ཕེབས་གནང་དགོས་སོགས་ཀྱི་དགོས་འདུན་མཚོན་པའི་སྐད་འབོད་བྱེད་བཞིན་དུ་ཁྲོམ་གཞུང་དུ་རྒྱུགས་ཡོད་པ་རེད།   འོན་ཀྱང་སྐབས་དེ་གར་ དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་མེ་གསོད་ཡོ་ཆས་བེད་སྤྱོད་ཀྱིས་མེ་བསད་ཅིང་།   ཁོང་ ཐང་ལ་འགྱེལ་བཅུག་རྗེས་རླངས་འཁོར་ནང་གཡུགས་ནས་རྔ་པ་རྫོང་སྨན་ཁང་དུ་ཁྱེར་ཡོད་པ་རེད།   རྔ་པའི་སྨན་ཁང་དུ་དུས་ཚོད་ཕྱེད་ཙམ་རིང་བསྡད་རྗེས་ས་གནས་གཞན་ཞིག་ལ་ཁྱེར་འདུག་ཀྱང་ ས་གནས་གང་ཡིན་ཤེས་རྟོགས་བྱུང་མེད་པ་རེད།  སྐབས་དེར་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་དོན་ལྟར་ན་ ཁོང་སྐབས་དེར་གྲོངས་མེད་པ་དང་། མེའི་དཀྱིལ་ནས་སྐད་འབོད་མང་པོ་བྱས་པ་ཐོས་ཀྱང་། སྐད་འབོད་ཀྱི་བརྗོད་ཚིག་གསལ་པོ་གོ་ཡོད་པ་མ་རེད་ ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ རྗའ་དར་ཚང་གི་མ་སྒྲོན་དཀར་སྐྱིད་ཀྱི་བུ་ཡིན་འདུག་པ་དང་། ཁོང་ལོ་ན་ཆུང་ངུའི་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་ཞིང་།  ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག གཞུང་གི་ས་གནས་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་གཅར་རྡུང་དང་། མནར་གཅོད་དྲག་པོ་ཕོག་མྱོང་མཁན་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎