རང་ལུས་མེ་བསྲེགས་ཐད་བོད་ནས་རྩོམ་ཡིག་སྤེལ་འདུག
2013.01.22
དེ་ཡང་བོད་ཀྱི་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱིས་སྒེར་གྱི་བསམ་ཚུལ་སྟོན་པའི་འབྲི་རྩོམ་ཞིག་སྤེལ་བའི་ནང༌། ས་གར་སོང་ས་ནས་གོ་ཐུབ་པ་དང་། གར་བསྡད་ས་ནས་ཤེས་ཐུབ་པ་ཞིག་ནི། རང་ལུས་མེ་སྲེག་གཏོང་མཁན་ཀུན་གྱི་གཅིག་མཐུན་གྱིས་རེ་འབོད་བྱེད་པ་ནི་ ཡིད་བཞིན་ནོར་བུ་རང་ཡུལ་དུ་གདན་འདྲེན་ཞུ་དགོས་ཞེས་པ་འདི་ཡིན། འདི་ལ་ནོར་འཆུག་ཅི་ཡང་ཡོད་པ་མ་རེད། འདི་ནི་ཁོང་རྣམས་ཀྱི་རེ་བ་ཙམ་མ་ཡིན་པར། བོད་མི་ཡོངས་ཀྱི་འགྱུར་མེད་ཀྱི་རེ་བ་ཡིན་པ་འཛམ་གླིང་ཡོངས་ཀྱིས་ཧ་ཅང་གསལ་བར་ཤེས་པ་རེད། རང་དབང་དང་། རེ་འདོད། ཐ་ན་དབང་འཛིན་སྲིད་གཞུང་ལ་འཐབ་རྩོད་དང་འགོག་རྒོལ་སོགས་བྱེད་པ་ལ་ཐབས་ཤེས་མང་བོ་ཡོད་པ་རེད། ཐ་ན་ཀྲུང་དབྱང་ལ་ཞི་བའི་ངང་རེ་བ་ཞུ་ཆོག་པ་ལ། ཡིན་གཅིག་མིན་གཉིས་རང་ལུས་མེ་སྲེག་བཏང་སྟེ་འགོག་རྒོལ་བྱེད་དགོས་དོན་མེད་པ་འདྲ་ཞིག་རེད། འདི་ཡང་ངས་ཅི་ཡང་མ་ཤེས་པར་གླེན་གཏམ་ཡིན་ན་ཐང་། འོན་ཀྱང་། ང་རང་གིས་ཡང་བསྐྱར་རེ་འབོད་བྱེད་འདོད་པ་ནི་ གོང་གསལ་ལྟར་སྐྱེས་མཆོག་རྣམས་གཏུམ་དྲག་གི་མནར་གཅོད་ཅི་འདྲ་ཁུར་དགོས་ཐུག་ཀྱང་སྐུ་ལུས་མེ་སྲེག་མ་གཏོང་རོགས། འཐབ་རྩོད་དང་འགོག་རྒོལ་གྱི་ཐབས་ཤེས་ཅི་འདྲ་ཕུད་དགོས་ཀྱང་སྐུ་ལུས་མེ་སྲེག་མ་གཏོང་རོགས། བླ་ན་མེད་པའི་རེ་སྨོན་དང་དམིགས་ཡུལ་ཅི་འདྲ་ཞིག་གི་ཆེད་དུ་ཡིན་ཡང་སྐུ་ལུས་མེ་སྲེག་མ་གཏོང་རོགས་ཞུ་བ་ཡིན། ངས་ལྷག་ཏུ་རེ་སྨོན་ཞུ་འདོད་པ་ནི། དྲིན་ཅན་རྩ་བའི་བླ་མ་སྐྱབས་མགོན་ཡིད་བཞིན་ནོར་བུ་ལགས་བོད་ཡུལ་ན་དྲག་ཏུ་འབར་བའི་མེ་ལྕེ་ཡི་ཚ་དམྱལ་གྱི་སྡུག་བསྔལ་འདི་ལ་གཟིགས་རོགས་ཞུ་བ་དང་། བོད་མི་སྐྱེས་མཆོག་རྣམས་ལ་སྐུ་ལུས་མེ་སྲེག་མ་གཏོང་ཞེས་གསུང་ཞིག་འབྱོན་རོགས་ཡང་ཡང་ཞུ་བ་ཡིན་ཅེས་བྲིས་འདུག
ནགས་ཚང་ནུས་བློ་ཞུ་བ་ནི། ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དེབ་ཀྱི་རྩོམ་པ་པོ་ཡིན་པ་དང༌། ད་ལྟའི་ཆར་ཁོང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་རྒྱུན་ལས་བློ་འདྲི་ས་དང༌། དེ་སྔོན་ས་གནས་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་དང་། ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ད་དུང་ཆུ་དམར་ལེབ་རྫོང་གི་རྫོང་དཔོན་གཞོན་པ་བཅས་ཀྱི་འགན་ཁུར་མྱོང་ཡོད་པ་དང་། གོང་གི་རྩོམ་ཡིག་དེ་བོད་ནང་གི་དྲ་ལམ་མི་ཉུང་བར་ཁྱབ་ནས་ཕྱི་ནང་གཉིས་ཀ་ནས་དོ་སྣང་ཡོང་བཞིན་པ་རེད།