རྒྱལ་ཚོཌ་སུ་བོད་ནང་གི་ཛ་དྲག་གནས་སྟངས་སྙན་སེང།
2012.07.05
སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་། དེང་སང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ཚོགས་བཞིན་ཡོད་པ་ལྟར་འདི་ཚེས་གསུམ་ཉིན་ཚོགས་དུས་ཐོག་འབྲེལ་ཡོད་དམིགས་བསལ་སྐུ་ཚབ་སྐུ་ཞབས་མུ་ཏུམ་མ་རུ་ཀྲར་མཆོག་ནས་མི་རིགས་དབྱེ་འབྱེད་སྐོར་སྙན་ཐོ་ཕུལ་གནང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བསྟན་འཛིན་བསམ་འཕེལ་སྐྱ་སྟ་ལགས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བའི་ནང་གསེས། རྒྱ་ནག་གཞུང་ནས་མི་རིགས་དབྱེ་འབྱེད་བྱེད་མི་ཆོག་པའི་སྒྲིག་གཞིར་བརྩི་འཇོག་བྱེད་དགོས་ཀྱི་ཡོད་ཀྱང་། དེ་ལས་ལྡོག་ཏེ་བོད་ནང་གི་བོད་མི་ཚོར་ཆོས་དང་རིག་གཞུང་། སྤྱི་ཚོགས་ཀྱི་གནས་སྟངས་གང་ཅིའི་ཐད་རྒྱ་ནག་གཞུང་ནས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་ལུགས་དང་། བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་ད་བར་བོད་མི་དྲུག་བརྒྱ་ཙམ་འཛིན་བཟུང་དོ་དམ་བྱས་ཡོད་པ། དེ་དང་ཕྱོགས་མཚུངས་རྒྱལ་ས་ལྷ་ས་དང་།བོད་རང་སྐྱོང་ལྗོངས་ཁུལ་གནས་སྡོད་བྱེད་མཁན་མ་ཡིན་པའི་བོད་མི་ཚོར་ཁུལ་དེ་དག་ནང་སྡོད་མི་ཆོག་པར་སོ་སོའི་སྐྱེས་ཡུལ་དུ་ཕྱིར་ལོག་འགྲོ་བཅུག་གི་ཡོད་པ་ནི་རྒྱ་མི་རིགས་བོད་ཀྱི་ས་ཁུལ་དུ་གཞིས་སྤོས་བྱེད་བཅུག་གི་ཡོད་པ་གཉིས་མི་རིགས་དབྱེ་འབྱེད་ཡིན་པ་གསལ་པོ་རེད་ཅེས་གནས་ཚུལ་ཞུས་ཡོད་པ་རེད། ཡང་ཁོང་གིས་མུ་མཐུད་ནས་བོད་ནང་རྒྱ་ནག་གཞུང་ནས་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞི་མང་པོ་བཏོན་ཡོད་པ་དེ་དག་ས་གནས་བོད་མི་ཚོའི་རིག་གཞུང་དང་གོམས་སྲོལ་ལ་བརྩི་སྲུང་མེད་པར་གང་ལྟར་བོད་མི་ཚོར་ཁེ་ཕན་དང་འདོད་མོས་ལ་གུས་བརྩི་ཞུ་གི་མེད་པ་དང་། དེས་བོད་མི་ཚོར་ཕན་པ་ལས་གནོད་ཆེ་བ་བཟོ་གི་ཡོད་པ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་སྙན་སེང་ཞུས་གནང་ཡོད་འདུག