མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་ལ་སྐྱོན་བརྗོད་།
2012.10.09
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ Navi Pillay གྱིས་ཤོག་གྲངས་ ༢༢༣་ ཅན་གྱི་སྙན་ཐོ་ཞིག་རེས་གཟའ་ཟླ་བའི་ཉིན་ཕྱི་བསྒྲགས་གནང་བའི་ནང་། བལ་ཡུལ་གྱི་མའོ་ངོ་ལོག་ཤོག་ཁག་དང་། གཞུང་གཉིས་ཀའི་ཕྱོགས་ནས་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མེད་པའི་ལས་ཀ་བྱེད་མཁན་མང་པོ་ལ་ཞིབ་འཇུག་དང་ཉེས་པ་བཏང་མེད་པ་དང་། ད་དུང་ཁྲིམས་འགལ་བྱ་བ་སྤེལ་མཁན་ལ་་ཉེས་པ་གཏོང་རྒྱུའི་ཚབ་ཏུ་གོ་གནས་སྤར་བའི་གནས་ཚུལ་བྱུང་ཡོད་པའི་སྐོར་སྙན་ཐོ་དེའི་ནང་བཀོད་གནང་འདུག་། དེ་མ་ཟད་སྙན་ཐོ་དེའི་ནང་བལ་ཡུལ་གྱི་ལོ་ངོ་བཅུའི་ནང་འཁྲུག་ནང་ རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་དང་འགལ་བའི་དོན་རྐྱེན་ ༩༠༠༠་ལྷག་བྱུང་ཡོད་ཀྱང་ བལ་ཡུལ་གྱི་ཞི་བའི་ཁྲིམས་ཁང་ནང་ མི་གཅིག་ཀྱང་ཁྲིམས་གཅོད་བྱས་པའི་གནས་ཚུལ་བྱུང་མེད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྙན་ཐོའི་ནང་ཞིབ་ཕྲ་བཀོད་འདུག་། ལོ་ངོ་བཅུའི་བལ་ཡུལ་གྱི་ནང་འཁྲུག་ནང་ དམག་མི་དང་མི་སེར་ ཆིག་ཁྲི་སུམ་སྟོང་ཙམ་རྐྱེན་ལམ་དུ་ཕྱིན་པ་དང་ ༡༣༠༠་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་རེད་། ཁྲིམས་འགལ་གྱི་བྱ་སྤྱོད་མང་ཆེ་བ་བཙན་དབང་གི་ཐོག་ནས་གར་སོང་ཆ་མེད་དུ་གྱུར་པ་དང་ དམར་གསོད་བཏང་བ། ཁྲིམས་འགལ་གྱིས་འཛིན་བཟུང་བཀག་ཉར་བྱས་བ། བཀག་གཉེར་འོག་མནར་གཅོད་བཏང་བ། བཙན་གཡེམ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་སྐོར་སྙན་ཐོ་དེའི་ནང་འཁོད་འདུག