ལྕམ་ཨང་སན་སུ་ཅེ་ཨ་མི་རི་ཀའི་རྒྱལ་སར་འབྱོར་ཡོད།
2012.09.18
ཨ་རིའི་རྒྱལ་སར་འབྱོར་བའི་ལྕམ་ཨང་སན་སུ་ཅེ་ཁོང་ནི་ད་ལྟ་འབར་མའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་དང་། བཟང་བཙོན་ནས་གློད་བཀྲོལ་ཐོབ་རྗེས་ཨ་མི་རི་ཀར་འཚམས་གཟིགས་ལ་ཕེབས་པ་ཐོག་མ་ཡིན་པར་ད་ཐེངས་ཨ་རིའི་ནང་ཉིན་གྲངས་ ༡༧ རིང་མཛད་འཆར་འདྲ་མིན་ཡོད་ཅིང༌། དེ་རིང་ཚེས་ ༡༨ ཉིན་རྒྱབ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་འཚམས་གཟིགས་དང་། རླུང་འཕྲིན་ཁང་གི་འབར་མའི་སྐད་ཡིག་སྡེ་ཚན་གཙོས་པའི་ལས་བྱེད་ཡོངས་ལ་གསུང་བཤད་གནང་ནས་ཁོ་མོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱུན་རིང་ཉན་མྱོང་བ་དང་། རླུང་འཕྲིན་ཁང་འདིས་ད་བར་དམངས་གཙོ་དང་རང་དབང་གི་ལས་དོན་ཐད་བྱ་བ་རླབས་ཆེན་སྒྲུབ་ཡོད་པར་བསྔགས་བརྗོད་དང་མཉམ་མ་འོངས་མུ་མཐུད་མིའི་རིགས་ལ་ཕན་པའི་ལས་དོན་ཁག་གི་ཐོག་ཤུགས་རྒྱག་དགོས་བའི་ནན་སྐུལ་བྱས་ཐོག་མི་མང་གི་འདོད་ཚུལ་དང་། རྒྱལ་ཁབ་ཅིག་གི་ལངས་ཕྱོགས་སོགས་དབང་འཛིན་པའི་འདོད་དབང་དུ་མ་ཤོར་བའི་རང་དབང་དམངས་གཙོ་དང་དྲང་བདེན་ཞིག་དགོས་པ་དང་། དམངས་གཙོའི་སྤྱི་ཚོགས་ཀྱི་ནང་མི་མང་ཚོར་ཞེད་སྣང་མེད་པའི་རང་དབང་ཁྲིམས་མཐུན་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་སོགས་བརྒྱུད་མི་མང་གི་གོ་རྟོགས་འཕེལ་རྒྱུར་གཞོགས་འདེགས་གནང་རོགས་ཅེས་འབོད་སྐུལ་ཡང་གནང་ཡོད།
དེ་ལྟར་ད་ལྟ་དུས་ཚེས་གཏན་འཁེལ་མེད་ཀྱང་ཨ་རིའི་སྲིད་འཛིན་ཨོ་བྷཱ་མ་མཆོག་དང་མཇལ་འཕྲད་གནང་སྲིད་པའི་གནས་ཚུལ་ཐོན་ཡོད། ད་སྐབས་འབར་མའི་སྲིད་འཛིན་ Thein Sein ཀྱང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་ཕེབས་ཀྱི་ཡོད་པས་ཨ་རིའི་སྲིད་འཛིན་ལས་ཁུངས་ནས་ལྕམ་ཨང་སེན་སུ་ཅི་དང་སྲིད་འཛིན་ཨོ་བྷཱ་མ་རྣམ་གཉིས་མཇལ་འཕྲད་དུས་ཚེས་གསལ་བསྒྲགས་མ་གནང་པའི་རྒྱུ་མཚན་ཡང་གནད་དོན་དེ་དང་འབྲེལ་བ་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ལྕམ་ཨང་སེན་སུ་ཅི་མཆོག་ལ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་བ་དེ་ཡང་ད་ཏེངས་འབུལ་ལམ་ཞུ་རྒྱུ་ཡིན་པ་དང༌། ། དེ་ནས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་དང་། Boston Indiana San Francisco Los Angeles བཅས་སུ་ཕེབས་རྒྱུའི་མཛད་འཆར་ཡོད་པ་རེད།