བོད་ས་ཡོངས་རྫོགས་བཙོན་ཁང་ལྟ་བུར་གནས་འདུག
2017.02.23

བོད་ནི་རྒྱ་ཆེ་བའི་བཙོན་ཁང་ལྟ་བུ་ཡིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསལ་འདོན་བྱས་འདུག
དེ་ཡང་འདི་ཚེས་༢༣ཉིན། བཞུགས་སྒར་དུ་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་ནང་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༡༦ལོའི་བོད་ནང་གི་འགྲོ་བའི་མིའི་ཐོབ་ཐང་གི་གནས་སྟངས་གནས་ལུགས་སྐོར་གྱི་ལོ་འཁོར་གྱི་སྙན་ཐོ་འདོན་སྤེལ་གནང་རྒྱུ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་ཞིབ་ཕྲའི་སྙན་ཐོ་འདི་བཞིན་བོད་རྒྱ་དབྱིན་གསུམ་གྱི་ནང་ཕྱི་ཚེས་ ༢༤ ཉིན་འདོན་སྤེལ་གནང་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་འཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་རང་དབང་ཡོད་ལུགས་ཕྱིར་བསྒྲགས་བྱེད་བཞིན་ཡོད་ནའང་དོན་དངོས་སུ་༢༠༡༦་ལོའི་བོད་ནང་གི་གནས་སྟངས་ལ་གཞིགས་ཚེ་བོད་ས་ཡོངས་རྗོགས་གཞི་རྒྱ་ཆེ་བའི་བཙོན་ཁང་ལྟ་བུ་ཞིག་ཏུ་གནས་ཡོད་པ་ད་རེས་ཀྱི་སྙན་ཐོ་བརྒྱུད་གསལ་རྟོགས་ཐུབ་རྒྱུ་ཡིན་པ་གསུངས་འདུག
དེ་བཞིན་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས་ཀྱིས། བོད་ནང་དུ་བོད་མི་ཚོའི་འགྲོ་འདུག་རང་དབང་ཐོག་རྒྱ་ནག་གཞུང་གིས་བཀག་སྡོམ་ནན་མོ་བྱེད་བཞིན་པ་མ་ཟད། ཕྱི་རྒྱལ་དུ་སླེབས་པའི་བོད་མི་ཚོར་ཡང་སྟངས་འཛིན་བྱེད་བཞིན་པ་སོགས་ངོ་སྤྲོད་གནང་ཞིང་།
གཞན་ཡང་ཉམས་ཞིབ་པ་བསྟན་འཛིན་ཉི་མ་ལགས་ཀྱིས། སྤྱི་ལོ་༢༠༡༥་ལོར་བོད་ནང་བོད་མི་༡༠༥་འཛིན་བཟུང་བྱས་ཡོད་པ་དང་། ༢༠༡༦་ལོར་བོད་མི་༣༦་འཛིན་བཟུང་བྱས་པ་ཤེས་རྟོཊ་བྱུང་ཡོད་ཅེས་དང་། ༡༩༩༡་ནས་ད་བར་བོད་མི་ལྔ་སྟོང་ལྷག་འཛིན་བཟུང་བྱས་བ་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་འདུག
གོང་གསལ་ཕྱི་ལོ་༢༠༡༦་ལོའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གྱི་སྙན་ཐོའི་ནང་། བོད་ནང་བོད་མིའི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འདུ་འཛོམས་ཀྱི་རང་དབང་བཅས་པའི་ཐོག་རྒྱ་ནག་གཞུང་གིས་དོ་དམ་གྱི་སྟངས་འཛིན་དང་། དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་ཞིབ་ཕྲའི་གནས་ལུགས་དང་། དེ་བཞིན་རྒྱ་ནག་ནང་རང་དབང་ལྡན་པའི་ཁྲིམས་ལུགས་མེད་པའི་ཁར་ཁྲིམས་གཞི་ལག་བསྟར་བྱ་ཕྱོགས་དང་ཁྲིམས་གཏུག་གི་བརྒྱུད་རིམ་ནང་ཆབ་སྲིད་ཀྱི་ཐེ་གཏོགས་ཆེ་བའི་རྐྱེན་བོད་མི་ཚོར་དྲང་བདེན་གྱི་ཁྲིམས་ལུགས་གཏུག་བཤེར་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་མེད་པ་སོགས་གསལ་འདོན་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་། རྡོ་རྗེ་འཚོ།