ཨ་རིའི་མངའ་སྡེ་གཞུང་གི་ཚོགས་མིར་བོད་མི་ཞིག་བསྐོ་བཞག།
2010.07.28
༄༅༎དེ་ཡང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བདུན་པའི་ཚེས་༢༧ཉིན་ ཨ་རིའི་སི་ཡ་ཀྲལ་ལྦ་ཤིན་ཀྲོན་མངའ་སྡེའི་སྤྱི་ཁབ་ལྕམ་ཀི་རིཤ་ཀྲིན་ཨོ་གེ་རེ་གོིར་ཡིས་ཨ་རིའི་མི་སེར་ཡན་པའི་བོད་མི་བཀྲ་ཤིས་རྣམ་རྒྱལ་ལགས་ལྦ་ཤིན་ཀྲོན་མངའ་སྡེའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཨ་རི་བའི་ལས་དོན་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་གནང་ཡོད་པ་དང་ བོད་མི་བཀྲ་ཤིས་རྣམ་རྒྱལ་ལགས་ལས་གནས་བསྐོ་བཞག་གནང་རྒྱུའི་ཡི་གེའི་ནང་ མངའ་སྡེའི་སྤྱི་ཁྱབ་ནས་ ང་ཚོར་སྤྱི་པའི་དོན་དུ་དུས་ཚོད་དང་ནུས་པ་གང་ཡོད་བཏོན་ནས་ལས་དོན་སྤེལ་མཁན་བཀྲ་ཤིས་རྣམ་རྒྱལ་ལགས་ལྟ་བུའི་མི་སྣ་དགོས་མཁོ་ཆེན་པོ་ཡོད་པ་དང་ མ་འོངས་ལས་གནས་ཐོག་ཁྱེད་ཀྱིས་ནུས་པ་ཐོན་པའི་ཕྱག་ལས་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཀོད་ཡོད་པ་རེད་
མངའ་སྡེ་དེའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཨ་རིའི་ལས་དོན་ཚོགས་ཆུང་དེས་ལྦ་ཤིན་ཀྲོན་མངའ་སྡེའི་ནང་ཡོད་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁོངས་ཀྱི་ཨ་རི་བ་ཚོའི་བདེ་དོན་ལ་ལྟ་རྟོག་གནང་རྒྱུ་མ་ཟད་ ཁོང་ཚོས་གཞུང་གི་འཛིན་སྐྱོང་དང་ ཚོང་དོན་ ཤེས་ཡོན་བཅས་ཀྱི་ལས་དོན་ཐོག་མཉམ་བཞུགས་ཡོང་རྒྱུར་མཐུན་འགྱུར་རོགས་རམ་བྱེད་རྒྱུ་དེ་ཡིན་པ་རེད་
ཚོགས་ཆུང་དེ་ཐོག་མར་ཕྱི་ལོ་༡༩༧༤ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་ སྐུ་ཞབས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཕྱི་ལོ་༢༠༡༠ལོའི་ཟླ་བ་༧པའི་ཚེས་༡ནས་ཚོགས་ཆུང་དེའི་ནང་དངོས་སུ་ལས་འགན་འགོ་འཛུགས་ཀྱིས་ཕྱི་ལོ་༢༠༡༣ལོའི་ཟླ་བ་དྲུག་པའི་ཚེས་༣༠བར་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་གནང་འདུག
བཀྲ་ཤིས་རྣམ་རྒྱལ་ལགས་ནི་ཨ་རིའི་མངའ་སྡེ་སི་ཡ་ཀྲལ་ལྦ་ཤིན་ཀྲོན་ནང་གནས་སྡོད་གནང་མཁན་ཞིག་ཡིན་པ་མ་ཟད་ ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཡང་གནང་ཡོད་ཅིང་ ཁོང་ཨ་རིའི་ནང་གཞིས་སྤོས་མ་གནང་གོང་ལོ་ངོ་༢༦ཙམ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་འདྲ་མིན་ནང་སྲི་ཞུ་སྒྲུབ་མྱོང་ཡོད་པ་དང་བལ་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོང་ཀྱང་གནང་མྱོང་ཡོད་འདུག