ཉི་ཧོང་སྲིད་བློན་གྱི་གཏམ་བཤད་ལ་ཨ་རིའི་གྲོས་ཚོཊ་ཀྱིས་དགའ་བསུ།
2015.05.01

ཉི་ཧོང་གི་སྲིད་བློན་མཆོག་གིས་ཨ་རིའི་གྲོས་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གཏམ་བཤད་གནང་བར་འཐུས་མི་ཚོས་དགའ་བསུ་བྱས་འདུག
དེ་ཡང་རེས་གཟའ་ལྷག་པའི་ཉིན་མོར་ཉི་ཧོང་གི་སྲིད་བློན་ཤིན་ཛུ་ཨ་བེ་མཆོག་གིས་ཨ་རིའི་གྲོས་ཚོགས་ནང་གསུང་བཤད་གནང་པ་དེ་ནི་ཉི་ཧོང་སྲིད་བློན་ཞིག་གིས་ཨ་རིའི་གྲོས་ཚོགས་ནང་གསུང་བཤད་གནང་པའི་ལོ་རྒྱུས་ཐོག་མ་དེ་ཡིན་པ་དང་། སྲིད་བློན་ཨ་བེ་མཆོག་གིས་དབྱིན་སྐད་ཐོག་དུས་ཡུན་སྐར་མ་༤༧རིང་གི་གསུང་བཤད་གནང་ཡོད་པ་རེད། ཁོང་གིས་དམག་འཁྲུག་ནི་ཡ་ང་སྙིང་རྗེ་དང་བྲལ་བ་ཞིག་རེད། ངས་ཉི་ཧོང་དང་ཉི་ཧོང་མི་དམངས་ཀྱི་ཚབ་བྱས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་ནང་རྐྱེན་འདས་ཕྱིན་པའི་ཨ་རིའི་མི་མང་གི་རྣམ་ཤེས་ལ་དུས་གཏན་དུ་མྱ་ངན་དང་སེམས་གསོ་ཞུ་གི་ཡོད་ཅེས་གསུང་པར་ཨ་རིའི་གྲོས་ཚོགས་ཁང་ནང་ཕེབས་པའི་འཐུས་མི་ཚང་མ་ཡར་ལངས་ཏེ་དགའ་བསུ་ཞུས་ཡོད་པ་རེད། ད་རེས་ཉི་ཧོང་གི་སྲིད་བློན་ཨ་བེ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་དགའ་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་John Boehnerམཆོག་གིས་སྲིད་བློན་ཤིན་ཛུ་ཨ་བེ་མཆོག་གིས་དམག་ཆེན་གཉིས་པའི་དམག་འཁྲུག་ནང་རྐྱེན་འདས་ཕྱིན་པའི་དཔའ་བོ་ཚོར་གུས་ཞབས་གནང་པ་དེར་ཧ་ཅང་གིས་ཐུགས་རྗེ་ཆེ་ཞུ་བའི་གསུང་གནང་ཡོད་པ་རེད།
ཡང་ཨ་བེ་མཆོག་གིས་གསུང་ན། དམག་ཆེན་གཉིས་པའི་བྱ་སྤྱོད་དེར་ཉི་ཧོང་གིས་དོ་ཁུར་མི་བྱེད་པ་བྱ་མི་ཉན་ཞེས་གསུང་འདུག ཁོང་གིས་ད་རེས་གསུང་བཤད་གནང་པའི་གནད་འགག་གཙོ་བོ་དེ་ཉི་ཧོང་དང་ཨ་རིའི་དམག་དོན་མཉམ་ལས་ཐད་ནན་བརྗོད་གནང་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་ཨ་རི་དང་ཉི་ཧོང་རྒྱལ་ཁབ་གཉིས་པོས་ཨེ་ཤེ་ཡའི་རང་དབང་ཉོ་ཚོང་གི་གྲོས་མཐུན་དེར་རྒྱབ་སྐྱོར་གནང་རྒྱུ་དང་དེ་བཞིན་TPPཞེས་པའི་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཀྱི་མཐུན་གྲོས་བཅས་ལ་སྐུལ་མ་གཏོང་བ་དེ་ཡིན་པ་རེད། མ་གཞི་སྲིད་བློན་ཨ་བེ་མཆོག་གིས་རྒྱ་ནག་གཞུང་ཟེར་མིང་བཏོན་གནང་མེད་ནའང་། ཁོང་གི་གསུང་བཤད་ནང་། ཨེ་ཤེ་ཡའི་ཁྱབ་ཁོངས་ཀྱི་གནས་བབ་སྐོར་གླེང་ཡོད་པ་མ་ཟད། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་དྲག་ཤུགས་བེད་སྤྱད་ནས་འདོད་ཚུལ་བཤད་མི་ཉན་པའི་སྐོར་གསུངས་ཡོད་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།