བལ་ཡུལ་ནང་ཞི་འགྲིག་གི་ལས་དོན་ལ་འཐུས་ཤོར་འགྲོ་སྲིད་པ།
2009.03.22
༄༅༎མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མ་བྱས་ཚེ་ཞི་འགྲིགས་ཀྱི་ལས་དོན་ལ་འཐུས་ཤོར་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དབུ་འཛིན་ན་ཊ་ནེ་ཐེམ་པི་ལེའེ་ཡིས་བལ་ཡུལ་ཕྱི་ལོ་ཉིས་སྟོང་དྲུག་ལོའི་འོས་བསྡུའི་སྐབས་མའོ་ཤོག་ཁག་ལ་རྒྱལ་ཁ་ཐོབ་སྟེ་གཞུང་འཛིན་གྱིས་ད་ཆ་གཞུང་དང་རྒྱ་ཆེའི་མི་མང་དབར་ཞི་འགྲིགས་ཀྱི་ཁོར་ཡུག་བསྐྲུན་མུས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཚད་ལྡན་མེད་པའི་ཁར་ད་བར་གྱི་དཀའ་རྙོག་མང་དག་ཅིག་སེལ་ཐུབ་མེད་པ་དེར་མང་ཚོགས་ཀྱིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ལུགས་གསུངས་གནང་འདུག རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གཞུང་དང་གྱེན་ལོག་པའི་དབར་འཐབ་རྩོད་ནང་ཡུལ་མི་༡༣༠༠༠ཙམ་རྐྱེན་ལམ་དུ་ཕྱིན་པའི་ཤུལ་འཛིན་ནང་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག གཞུང་གིས་འདས་པའི་དོན་རྐྱེན་ནང་ངོས་འཛིན་གྱིས་དྲང་བདེན་གྱི་ཐག་གཅོད་མ་གནང་བར་དུ་ཞི་འགྲིགས་ཀྱི་ལས་དོན་ལག་ལེན་བསྟར་རྒྱུ་ཁག་པོ་ཡོད་ལུགས་ཡུལ་མི་དེ་དག་གིས་རྒྱལ་ཚོགས་ཀྱི་སྐུ་ཚབ་ལ་སྙན་སེང་ཞུས་ཡོད་འདུག རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་བལ་ཡུལ་གྱི་སྲིད་བློན་པ་ར་ཅན་མཆོག་མཇལ་འཕྲད་ཀྱིས་ཞི་འགྲིགས་ཀྱི་ལས་དོན་ཚགས་ཚུད་ཡོང་བའི་ཆེད་དུ་སླད་ཕྱིན་ཆད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་དང་འདས་པའི་མི་མང་གི་དཀའ་རྙོག་དང་བདེ་སྡུག་ལ་དམིགས་བསལ་དགོངས་བཞེས་གནང་དགོས་པའི་སྐུལ་དེད་ཞུས་གནང་ཡོད་འདུག སྲིད་བློན་མཆོག་གིས་ཀྱང་དེ་ལྟར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག།