རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལྦང་ཏན་གྱི་གསལ་བཤད།
2011.04.18
༄༅༎དེང་སྐབས་ཐེ་དབན་གྱི་སློབ་གྲ་ཆེན་མོ་ཞིག་ནང་དགེ་རྒན་གནང་བཞིན་པ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལྦང་ཏན་གྱིས་ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་རྒྱལ་ཁབ་ཀྱི་གསང་བའི་མ་དངུལ་ལྐོག་ཟ་བྱས་པའི་གྱོད་དོན་དང་འབྲེལ་བའི་སྐོར་ཁྲིམས་ཁང་དུ་ར་འཕྲོད་བྱས་པའི་གནད་དོན་ཐོག་ཐེ་དབན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་དག་སེལ་བྱས་ཡོད་འདུག
དེ་ཡང་གཟའ་འཁོར་སྔོན་མ་ཐེ་དབན་གྱི་དབུས་གསར་འགྱུར་བརྒྱུད་ལམ་དང་རྒྱ་ནག་དུས་བབ་ཀྱི་གཤམ་འོག་གསར་འགྱུར་བརྒྱུད་ལམ་ཞིག་གིས་ལྦང་ཏན་གྱིས་ཁྲིམས་ཁང་དུ་ཐེ་དབན་གྱི་སྲིད་འཛིན་གྲན་ཧྲོའོ་བན་གྱི་ས་ནས་ཨ་སྒོར་ཁྲི་བཞི་བཅུའི་རོགས་རམ་ལེན་པ་ཁས་ལེན་བྱས་ལུགས་གནས་ཚུལ་འཁོད་པར་ ལྦང་ཏན་གྱིས་དེ་རིང་ཐེ་དབན་གྱི་བིང་གོའོ་ཚགས་ཤོག་ཐོག་གནས་ཚུལ་དེར་གསལ་བཤད་བྱས་ཡོད་ཅིང་ ལྦང་ཏན་གྱིས་ཐེ་དབན་གྱི་གསར་འགྱུར་བརྒྱུད་ལམ་གྱིས་དྲང་བདེན་མིན་པའི་གནས་ཚུལ་ཁྱབ་སྤེལ་བྱས་པ་དེར་ཁོང་ཁྲོ་དང་བློ་ཕམ་བྱུང་བའི་རྣམ་འགྱུར་བཏོན་གནང་ཡོད་པ་དང་ ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱི་ཐེ་དབན་གྱི་སྲིད་འཛིན་གནང་བའི་སྐབས་ཐེ་དབན་གྱི་རྒྱལ་དོན་གསང་བའི་མ་དངུལ་ནས་རྒྱ་ནག་ནང་དམངས་གཙོའི་ལས་དོན་སྤེལ་རྒྱུར་རོགས་རམ་ཨ་སྒོར་ཁྲི་བཞི་བཅུ་སྤྲད་ཡོད་ཀྱང་ མ་དངུལ་དེ་དག་ནི་ཐེ་དབན་གཞུང་གི་ཡིན་པ་ལས་ གྲན་ཧྲོའོ་བན་སྒེར་གྱིས་སྤྲད་པ་ཞིག་མིན་པ་གསལ་བཤད་གནང་ཡོད་ཅིང་ ལྦང་ཏན་གྱིས་ཁོང་རང་ཕྱི་རྒྱལ་ནང་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཞིག་ཡིན་པའི་ངོས་ནས་རྒྱ་ནག་དེ་བཞིན་དམངས་གཙོའི་ལམ་དུ་བསྐྱོད་ཐུབ་རྒྱུར་ཆབ་སྲིད་ཀྱི་ཆ་རྐྱེན་མེད་པའི་ཡོང་ཁུངས་ཁ་གསལ་གྱི་ཆབ་སྲིད་རོགས་དངུལ་ལེན་གྱི་ཡོད་པ་དང་ ལྷག་པར་དུ་ཐེ་དབན་གྱི་རྒྱ་ནག་མི་སེར་རྒྱལ་ཁབ་གྱིས་རྒྱ་ནག་དེ་བཞིན་དམངས་གཙོའི་ལམ་དུ་བསྐྱོད་རྒྱུར་ཐེ་དབན་དོན་སྙིང་ཆེན་པོ་ཡོད་པར་བརྟེན་ནས་ དེའི་ཐོག་ཁ་ཙམ་མིན་པར་དོན་དངོས་ཐོག་ནས་རོགས་རམ་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དང་ སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་སྐབས་དམངས་གཙོའི་དོན་གཉེར་ལས་དོན་ཐོག་རོགས་དངུལ་སྤྲད་པ་དེ་ཐེ་དབན་གཞུང་གི་མིང་ཐོག་ནས་སྤྲད་པ་ཞིག་ལས་གྲན་ཧྲོའོི་བན་སྒེར་གྱིས་སྤྲད་པ་ཞིག་མིན་པ་དང་ གལ་སྲིད་གྲན་ཧྲོའོ་བན་སྒེར་གྱི་རོགས་དངུལ་སྤྲད་པ་ཡིན་ཚེ་རོགས་དངུལ་ལེན་ཐབས་མེད་ལུགས་སོགས་ཐེ་དབན་གྱི་བིང་གོའོ་ཚགས་ཤོག་བརྒྱུད་ནས་གནད་དོན་དེའི་ཐོག་གསལ་བཤད་བྱས་ཡོད་འདུག