ཨ་དྲིལ་རིན་པོ་ཆེར་ཕེབས་བསུ།


2013.05.28
ཨ་དྲིལ་རིན་པོ་ཆེར་ཕེབས་བསུ་ཞུ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།

༄༅།    །རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་དབོན་པོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དང་།    ཨ་དྲིལ་དགོན་གཉིས་ཀྱི་དགོན་བདག་བླ་མ་ཨ་དྲིལ་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་མདུན་སེ་ར་དགོན་པའི་དགེ་འདུན་པའི་སྣེ་ཁྲིད་འོག        རྒྱ་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་མཁན་རྣམས་དང་འབྲེལ་བ་ཡོད་པར་བཤད་དེ་ཚེས་ ༡༥ ཉིན་ལྷ་སར་འཛིན་བཟུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་ ༥ རིང་དུས་བཀག་བཙོན་འཇུག་ཁྲིམས་བཅད་བཏང་ཡོད་པ་རེད།    ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཁྲིམས་བཅད་རྫོགས་ཏེ་གློད་བཀྲོལ་ཐོབ་པ་བཞིན།    ཕྱི་ཚེས་ ༢༥ ཉིན་རྫ་དབོན་པོ་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་ཕེབས་བསུའི་ཁྲོད་དགོན་བདག་བླ་མ་མཆོག་དབོན་པོ་དགོན་དུ་ཞབས་སོར་འཁོད་འདུག ཁོང་གི་ས་གནས་སེར་སྐྱ་མི་མང་ལ་ཤེས་ཡོན་སློབ་གསོ་དང་ནང་ཁུལ་མཐུན་ལམ། ཆིག་སྒྲིལ། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་ཡོད་ལ།    ཉིན་ཤས་རྗེས་མཚོ་སྔོན་ཞིང་ཆེན་ཡུ་ཤུལ་ཁུལ་ཆུ་མ་ལེབ་རྫོང་དུ་ཡོད་པའི་ཨ་དྲིལ་དགོན་དུ་ཕེབས་འཆར་ཡང་ཡོད་འདུག
ཉེ་བའི་ཆར་དབོན་པོ་དགོན་གྲོང་གཉིས་ཀྱིས་དགོན་བདག་བླ་མ་བཙོན་གྲོལ་ཐོབ་པར་ཁུལ་དེའི་སེར་སྐྱ་མི་དམངས་དགའ་སྤྲོའི་ཁེངས་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་ཞི་རྒོལ་རྗེས་འཛིན་བཟུང་བྱས་པའི་བློ་གྲོས་དང་བསོད་ནམས་གྲགས་པ་བཙོན་འཇུག་དང་། དེ་མིན་རིན་པོ་ཆེའི་སྲས་ཟླ་ཤེལ་ལ་མི་ལོ་ ༡༠ ཡིས་དུས་བཀག་ཁྲིམས་བཅད་བཏང་སྟེ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་པ་ཙམ་ལས་གནས་སྟངས་ཤེས་རྟོགས་མེད་པས་མ་ཟད། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ནང་དབོན་པོ་ཡུལ་ཚོར་འཛིན་བཟུང་བྱས་པའི་དགེ་འདུན་པ་ ༩ བཅས་སྔ་ཕྱིར་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་སྟངས་ཤེས་རྟོགས་མེད་སྟབས་ས་གནས་དགོན་གྲོང་གཉིས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎