དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ཨཕ་གན་གྱི་འོས་བསྡུར་སྐྱོན་བརྗོད།
2009.09.13
༄༅༎ཨཕ་ག་ནི་སི་ཐན་གྱི་འོས་བསྡུ་ལས་ཁང་གིས་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཌེ་ལྦི་དྲི་མི་ལི་སྦེན་གྱིས་ཨཕ་ག་ནི་སི་ཐན་གྱི་སྲིད་འཛིན་གྱི་འོས་བསྡུ་དྲང་བདེན་བྱུང་མེད་ལུགས་གསུངས་པ་དེ་བདེན་པ་མིན་ལུགས་གསུངས་ཏེ་ངོས་ལེན་གནང་མེད་པའི་གནས་ཚུལ་ཐོན་འདུག
ཡུལ་དེའི་རང་དབང་ཅན་གྱི་འོས་བསྡུ་ལས་ཁང་གི་འགན་འཛིན་གཞོན་པ་ཛེཀ་རི་ཡ་བཱ་རཀ་ཛའི་ཡིས་ཨཕ་ག་ནི་སི་ཐན་གྱི་སྒེར་བདག་ཅན་གྱི་བརྙན་འཕྲིན་ཨཕ་གན་ཨར་ཛུ་ཞེས་པའི་ཐོག་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཌེ་ལྦི་དྲི་མི་ལི་བེན་གྱིས་ཨཕ་ག་ནི་སི་ཐན་གྱི་སྲིད་འཛིན་གྱི་འོས་བསྡུ་དྲང་བདེན་བྱུང་མེད་ལུགས་གསུངས་པ་དེ་ནི་དྲང་བདེན་མ་ཡིན་པ་དང་ཁོང་རང་གིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་བྱས་གོང་ཚོད་དཔགས་གནང་བ་ཞིག་ཡིན་ལུགས་སྐྱོན་བརྗོད་གནང་འདུག ཨ་མི་རི་ཀའི་ཨཕ་ག་ནི་སི་ཐན་དང་པ་ཀི་སི་ཐན་གཉིས་ཀྱི་དམིགས་བསལ་སྐུ་ཚབ་རི་ཆ་ཌི་ཧོལ་སྦུ་རུཀ་ནས་ཀྱང་འོས་བསྡུའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་མ་གནང་གོང་ཚོད་དཔགས་ཀྱིས་གང་བྱུང་སྐྱོན་བརྗོད་བྱས་ན་འགྲིགས་ཀྱི་མེད་ལུགས་གསུངས་ཡོད་འདུག དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་འོས་བསྡུའི་གྲུབ་འབྲས་ཇི་འདྲ་ཞིག་བྱུང་ཡང་གཞུང་གསར་པའི་ནང་སྲིད་འཛིན་ཀར་ཛའེ་དང་ཨཕ་རྡུལ་ཨཕ་རྡུཡ་ལ་གཉིས་ཀའི་དགོངས་ཚུལ་གཞུང་གསར་པས་ལག་ལེན་བསྟར་དགོས་ཀྱི་རེད། རྒྱ་ཆེའི་མི་མང་གིས་ཁོང་གཉིས་ཀར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་ལུགས་གསུངས་པ་དང་སྦྲགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལྟའི་ཨཕ་ག་ནི་སི་ཐན་གྱི་གནས་སྟངས་འོག་འོས་བསྡུའི་ལས་དོན་ནུབ་ཕྱོགས་རྒྱལ་ཁབ་ནང་བཞིན་ཚད་ལྡན་ཡོང་ཐབས་མེད་ལུགས་གསུངས་ཡོད་རེད་ དེའི་དབར་ལ་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བཱ་མ་མཆོག་རྣམ་གཉིས་ཀྱིས་ཨཕ་ག་ནི་སི་ཐན་གྱིས་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་ལ་ཞིབ་འཇུག་གནང་དགོས་གལ་སྐོར་ནང་མོལ་གནང་འདུག།