ཉེན་རྟོག་པས་འཇུ་བཟུང་བྱས་བའི་བོད་མི་ཉེར་བཞི་ཚང་མ་གློད་འདུག
2016.11.29
བལ་ཡུལ་ཉེན་རྟོག་པས་མཐའ་མཚམས་ཁུལ་ནས་སྔ་ཕྱིར་འཇུ་བཟུང་བྱས་བའི་བོད་མི་ཚང་མ་བལ་སྒོར་ཆིག་སྟོང་རེ་ཡི་ཉེས་ཆད་བཏང་ནས་གློད་འདུག
དེ་ཡང་ཉེ་ཆར་བལ་ཡུལ་ས་མཚམས་ནས་སྔ་ཕྱིར་ཁྱོན་བོད་མི་༢༤་འཛིན་བཟུང་བྱས་བ་ནས་བོད་མི་༢༣་ལ་བལ་སྒོར་ཆིག་སྟོང་རེ་ཡི་ཉེས་ཆད་བཏང་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། བོད་མི་གཅིག་ལ་རྒྱ་གར་གྱི་སྐྱབས་བཅོལ་ལག་འཁྱེར་ཡོད་པ་དེ་རྒྱ་གར་གཞུང་ཚབ་ཁང་ནས་རྒྱ་གར་གྱི་ལག་འཁྱེར་དེར་ཞིབ་འཇུག་བྱས་པའི་རྗེས་གློད་བཀྲོལ་བཏང་འདུག
འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བའི་ནང་། ཕྱི་ཟླ་བཅིུག་པའི་ཚེས་༢༣ཉིན་བོད་མི་༡༦དང་། དེ་རྗེས་ཕྱི་ཚེས་༢༦་ཉིན་བོད་མི་བརྒྱད་བཅས་སྔ་ཕྱིར་ཁྱོན་བོད་མི་༢༤་བལ་པོའི་ས་མཚམས་Sonauli་ནས་འཛིན་བཟུང་བྱས་བ་རྣམས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཡོད་པའི་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲོད་བྱས་བ་དང་། ཞིབ་བཤེར་རྗེས་ཁོང་རྣམས་ལ་རྒྱ་ནག་གི་ཁྲིམས་མཐུན་ཕྱི་བསྐྱོད་ལག་འཁྱེར་ཡོད་པ་དང་། ཡང་མི་གཅིག་ལ་ཨ་རིའི་ཕྱི་བསྐྱོད་ལག་འཁྱེར་ཡོད་པར་བརྟེན་མི་རེར་བལ་སྒོར་ཆིག་སྟོང་རེ་ཡི་ཉེས་ཆད་བཏང་རྗེས་ཕྱི་ཟླ་བཅིུག་པའི་ཚེས་༢༧་ཉིན་གློད་བཀྲོལ་བཏང་ཡོད་པ་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་བཟང་པོ་ལགས་ཀྱིས་ངོ་སྤྲོད་གནང་འདུག
ཁོང་ཚོའི་ཁྲོད་རྒྱ་གར་གྱི་སྐྱབས་བཅོལ་ལག་འཁྱེར་RC་ལག་འཁྱེར་ཡོད་པ་འཆི་མེད་ཚེ་རིང་ཟེར་བ་ཞིག་ཀྱང་ཡོད་འདུག་པ་དེ། ཕྱི་ཚེས་༢༩་ཉིན་བལ་ཡུལ་ནང་གི་རྒྱ་གར་གཞུང་ཚབ་ཁང་ནས་ངོ་སྦྱོར་གྱི་ཡི་གེ་གནང་རྗེས་བལ་ཡུལ་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱིས་རྒྱ་གར་གཞུང་ཚབ་ཁང་ལ་རྩིས་སྤྲོད་བྱས་འདུག་པ་བཅས་སྔ་ཕྱིར་འཇུ་བཟུང་བྱས་བའི་བོད་མི་ཚང་མ་གློད་འདུག
གསར་འགོད་པ་འཆི་མེད།