རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ།
2009.02.27

༄༅༎ཕྱི་ལོ་༢༠༠༩ཟླ་༢ཚེས་༢༧ཉིན་བོད་མདོ་སྨད་རྔ་པ་ས་གནས་ནང་དགོན་པ་མང་པོ་ཞིག་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་པའི་དུས་ཚིགས་འཁེལ་གྱི་ཡོད་པར་བརྟེན།དེ་རིང་བོད་ནང་གི་དུས་ཚོད་ཆུ་ཚོད་༡པོ་ཡོལ་ཙམ་ལ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཆིག་སྟོང་ཡས་མས་སིག་གིས་དགོན་པའི་འདུ་ཁང་མདུན་འཛོམས་ནས་སྨོན་ལམ་འཚོགས་དགོས་པའི་རྣམ་འགྱུར་བཏོན་ཡོད་པ་དང་།ཡུན་རིང་མ་སོང་བར་དགོན་པའི་དགེ་བསྐོས་དང་མཁན་པོ།ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་ཕེབས་ནས་གནས་ཚུལ་ཛ་དྲག་ཏུ་མི་འགྲོ་རྒྱུའི་ཆེད་དགི་འདུན་པ་རྣམས་སོ་སོའི་ཤག་ནང་ཕྱིར་ལོག་ཕེབས་དགོས་པའི་ཁ་ལྟ་བསླབ་བྱ་མང་ཞིག་བྱས་ནས་དགེ་འདུན་པ་རྣམས་རིམ་པས་གྲ་ཤག་ཏུ་ཕྱིར་ལོག་ཕེབས་འདུག་ཀྱང་ཆོ་ཚོད་༡དང་སྐར་མ་༤༠ཡས་མས་ཤིག་ལ་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲ་ཚང་གི་དགེ་འདུན་པ་བཀྲ་པེ་ལགས་ཀྱི་དགོན་པ་ནས་ཁྲོམ་གཞུང་དུ་ཡོང་སའི་ལམ་ཆེན་ཐོག་བོད་རང་བཙན་སོགས་ཀྱི་སྐད་འབོད་གནང་ཏེ།ཁོང་ཉིད་ཀྱི་སྐུ་ལུས་ཐོག་ས་སྣུམ་ཤོས་ནས་ལུས་ལ་མེ་སྤར་ཏེ་ཕྱག་ཏུ་བོད་ཀྱི་རྒྱལ་དར་བརྣམས་ནས་སྐད་འབོད་གནང་འདུག་དེ་མ་ཐག་གཡས་གཡོན་ཉེན་རྟོག་པས་ཁོང་ལ་མེ་མདའ་གསུམ་བརྒྱབ་ནས་དགེ་འདུན་པ་བཀྲ་པེ་ལགས་ས་ལ་འགྱེལ་ཡོད་པ་དང་དམག་མི་དང་ཉེན་རྟོག་པས་རུབ་བརྒྱབ་ནས་ཁོང་གི་ལུས་པོའི་ཐོག་འབར་བཞིན་པའི་མེ་བསད་དེ་སྣུམ་འཁོར་ནང་བཅུག་སྟེ་འཁྱེར་ཡོད་པའི་སྐོར་གནས་ཚུལ་མཁྱེན་རྟོགས་ཡོད་པའི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་གནང་བཞག ད་ཆ་ཁོང་ཤི་གསོན་གྱི་གནས་ཚུལ་གང་ཡང་འབྲེལ་ཡོད་ཚོས་ཀྱི་ཤེས་རྟོག་གསལ་པོ་མེ་པ་དང་ཀིརྟི་དགོན་པའི་དགེ་འདུན་པ་དང་འབྲེལ་ཡོད་མི་སྣ་ཚོས་ཁོང་རྐྱེན་འདས་སུ་ཕེབས་ཟིན་པར་ཡིད་ཆེས་གནང་ཡོད་ཅིང་ཀིརྟི་དགོན་པའི་དགེ་འདུན་པ་ལྔ་བརྒྱ་ཡས་མས་ཤིག་ཁོང་གི་ཤག་ནང་སྨོན་ལམ་གསུང་བཞིན་ཡོད་འདུག།