ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་དང་ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཆེན་མོའི་བར་གྲོས་མོལ་ལྷུག་པོ་བྱུང་ཡོད་འདུག

2023.07.04
ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་དང་ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཆེན་མོའི་བར་གྲོས་མོལ་ལྷུག་པོ་བྱུང་ཡོད་འདུག ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་དང་ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཆེན་མོ། ༢༠༢༣།༠༧།༠༢
Reuters

རོ་ཡེ་ཊར་གསར་ཁང་གིས་ཕྱི་ཚེས་༣་ཉིན་ཨ་རིའི་རྒྱལ་ས་ནས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་། ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་དང་ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཆེན་མོ་ཞའེ་ཧྥེང་རྣམ་གཉིས་གཟའ་ཟླ་བའི་ཉིན་ཐུགས་འཕྲད་ཀྱིས་རྒྱལ་སྤྱི་དང་རྒྱལ་ཁབ་གཉིས་བར་གནས་པའི་གནད་དོན་ཁག་གི་ཐད་གྲོས་བསྡུར་ལྷུག་པོ་བྱུང་པ་ནོར་སྲིད་ལྷན་ཁང་གིས་སྤེལ་བའི་སྤྱི་བསྒྲགས་ནང་གསལ་འདུག འདི་ནི་ནོར་སྲིད་དྲུང་ཆེ་ལྕམ་Janet Yellen གཟའ་འཁོར་འདིའི་ནང་པེ་ཅིན་དུ་ཕེབས་རྒྱུའི་འཆར་གཞི་སྒྲིག་ཡོད་པའི་སྔ་ནུབ་ཏུ་དབུ་ཁྲིད་རྣམ་གཉིས་བར་ཐུགས་འཕྲད་གནང་བ་ཞིག་རེད་འདུག

ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་མཆོག་ཟླ་འདིའི་ཚེས་༦་ནས་༩་བར་པེ་ཅིན་དུ་འཚམས་གཟིགས་དང་བསྟུན་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་དང་ཐུགས་འཕྲད་ཀྱིས་གནད་དོན་མང་པོ་ཞིག་གི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་མ་ཟད་ཨ་རིའི་ཕྱོགས་ནས་སེམས་འཚབ་གནང་གཞིར་གྱུར་བ་རྒྱ་ནག་གིས་ཨ་རིར་ཁ་གཏད་པའི་གསང་མྱུལ་དང་འབྲེལ་བའི་ཁྲིམས་གཞི་གསར་པ་དེའི་སྐོར་ལ་གྲོས་མོལ་གནང་རྒྱུ་ཡིན་ལུགས་ནོར་སྲིད་ལྷན་ཁང་གི་མཐོ་རིམ་མི་སྣ་ཤིག་གིས་གཟའ་ཉི་མའི་ཉིན་འགྲེལ་བརྗོད་བྱས་འདུག

ནོར་སྲིད་དྲུང་ཆེ་ཡེ་ལེན་གྱི་རྒྱ་ནག་ནང་གི་འཚམས་གཟིགས་འདི་བཞིན་སྲིད་འཛིན་བྷེ་ཌན་གྱིས་རྒྱ་ནག་མཉམ་བརྡ་འཕྲིན་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་དམིགས་ཡུལ་ཁྲོད་ཀྱི་གཅིག་སྟེ།་འཛམ་གླིང་སྟེང་དཔལ་འབྱོར་ཆེ་ཤོས་ཀྱི་ཡུལ་གྲུ་འདི་གཉིས་བར་མི་མཐུན་པའི་བསམ་ཚུལ་འབྱུང་དུས་འབྲེལ་བ་བརྟན་ལྷིང་དང་ཉེན་ཁའི་རིགས་ཆུང་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་འདུག་་གཞན་ཡང་ནོར་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ནང་གི་འཚམས་གཟིགས་དང་འབྲེལ་ཨ་རིའི་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ཁེ་ཕན་བཅས་གཙིག་ཆེར་འཛིན་པ་དང་མཚུངས་འགྲན་རྩོད་རང་བཞིན་དང་དེ་བཞིན་གལ་ཆེའི་གནད་དོན་ཞིག་སྟེ་གནམ་གཤིས་འགྱུར་་ལྡོག་གི་ཐད་མཉམ་ལས་གནང་རྒྱུའི་དགོངས་ཚུལ་གསལ་སྟོན་གནང་རྒྱུ་ཡིན་པ་གོང་བརྗོད་གསར་ལམ་གྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎